འཛམ་ཐང་རྫོང་གི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གནས་ཚུལ་རགས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 05-18




    གནའ་སྔ་མོ་ཞིག་ལ། ཡུལ་སྡེ་རེ་རེའི་བར་ལ་རྐང་ལམ་ཕྲ་མོ་རེ་ཀྱག་ཀྱོག་ཏུ་འཐེན་ཡོད་ལ། བར་སྐབས་ཤིག་ནས་རྡོ་ལམ་དང་ཨར་འདམ་ལམ་རེ་བསྐྲུན་ཡོད། དེང་སང་། འོད་ཀྱིག་ཀྱིག་གི་སྣུམ་ལམ་རིང་མོ་ཞིག འཛམ་ཐང་རྫོང་ན་མདའ་གྲོང་རྡལ་ཁང་ཤོག་སྡེ་བའི་བར་དུ་བསྐྲུན་འདུག དེ་ནི་འཛམ་ཐང་རྫོང་གི་སྡེ་བའི་བར་དུ་བསྐྲུན་པའི་སྣུམ་ལམ་ཐོག་མ་ཡིན། ཟླ་5བའི་ཚེས་11ཉིན། སྣུམ་ལམ་འདིར་འགྲུལ་འཁོར་ཅིག་བསྐོར་ནས་འོངས་དུས། བརྟག་ཞིབ་ཏུ་ཐོན་པའི་རྔ་བ་ཁུལ་དང་འཛམ་ཐང་རྫོང་གི་ལས་བྱེད་པའི་ཡིད་དབང་ཅིག་ཅར་དུ་འཕྲོག
    ཁང་ཤོག་སྡེ་བའི་གཞུང་ལམ་ནི་འཛམ་ཐང་རྫོང་གི་ཞིང་གྲོང་གཞུང་ལམ་བཞི་བཟང་དཔེ་སྟོན་གྱི་ཡ་གྱལ་ཞིག་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ་3.712དང་གྲོན་དངུལ་སྒོར་ཁྲི་610བཏང་ཡོད་ལ། ན་ནིང་གི་ཟླ་5བར་ལེགས་པར་གྲུབ་པ་རེད། སྡེ་བ་དེའི་རོང་འབྲོག་ཁྱིམ་ཚང་119ཡིས་འབྱོར་ཕྱུག་གི་གཡང་ལམ་འདི་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བར་སྙེག་བཞིན་འདུག
    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རོགས་སྐྱོར་འོག འཛམ་ཐང་རྫོང་གིས་ཞིང་གྲོང་གཞུང་ལམ་རེ་རེ་བཞིན་ལེགས་པར་བསྐྲུན་ནས། མང་ཚོགས་ཀྱི་ཡིད་མཐུན་ལམ་དང་བདེ་འཇགས་ལམ། ཐོན་ལས་ལམ། ཕྱུག་སྒྱུར་ལམ་བཅས་སུ་གྱུར་པར་མ་ཟད། ན་ནིང་། ཞིང་ཆེན་རིམ་པའི་བཞི་བཟང་ཞིང་གྲོང་གཞུང་ལམ་དཔེ་སྟོན་རྫོང་དུ་གྱུར།


གཞུང་ལམ་དྲ་རྒྱ་བཞིན་ཏུ་འཐེན།། འཕེལ་རྒྱས་གེགས་རྐྱེན་ཡོངས་སུ་བསལ།།
    འཛམ་ཐང་ནི་ཛམ་བྷ་ལ་བཞུགས་པའི་གནས་མཆོག་ཅིག་ཡིན་ཞེས་གྲགས་ཀྱང་། རི་མཐོ་ལུང་ཟབ་ཀྱི་ཡུལ་ཞིག་ཡིན་པས། སྔོན་ཆད། སྡེ་བ་ནས་རྫོང་མཁར་དུ་འགྲོ་ན། ལུག་གི་རྒྱུ་མ་ལྟ་བུའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་ཞིག་ལས་མེད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་4000ཙམ་ཡོད་པའི་རྐ་ཁ་བརྒལ་དགོས།
    1957ལོར། འཛམ་ཐང་གི་གཞུང་ལམ་ཐོག་མ་སྟེ་ཁྲོ་གཡམ་ནས་འཛམ་ཐང་བར་གྱི་གཞུང་ལམ་བསྐྲུན། དེ་ནི་འཛམ་ཐང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་སྒོ་འཕར་ཐོག་མར་ཕྱེས་པ་རེད། ལོ་ངོ་བཅུ་ཕྲག་དུ་མའི་རིང་། ཨར་འདམ་ལམ་དང་སྣུམ་ལམ་རེ་རེ་རི་མཐོ་ལུང་ཟབ་བརྒྱུད་ནས་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད། མིག་སྔར། འཛམ་ཐང་རྫོང་དུ་རླངས་འཁོར་བགྲོད་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1015ཡོད། རྫོང་རིམ་དང་ཡུལ་སྡེ་རིམ་པའི་གཞུང་ལམ་དྲ་རྒྱ་ཕལ་ཆེར་ལེགས་པར་གྲུབ་ཡོད།

འགྲུལ་སྐྱེལ་རླངས་འཁོར་སྒོ་ཁར་ཐོན།། མང་ཚོགས་འགྲོ་འོང་སྟབས་བདེར་གྱུར།།
    ཟླ་5ཚེས་10ཉིན། རྫོང་མདའ་ཡུལ་ཚོ་དཔལ་ཡུ་སྡེ་བའི་ཤེས་རབ་གྲོང་མདོའི་ལག་བརྡ་འབབ་ཚུགས་ནས་སྤྱི་སྤྱོད་རླངས་འཁོར་ལ་བུད་ནས། རྫོང་མཁར་དུ་སྔོ་ཚལ་ཉོ་བར་སོང་། ཤེས་རབ་ཀྱིས་སྔོན་ཆད་རྫོང་མཁར་དུ་འགྲོ་ན་སྟབས་མི་བདེ། གང་ས་གང་ནས་རླངས་འཁོར་རེ་ཨེ་རྙེད་བལྟ་དགོས་ཞེས་བཤད།
    གཞུང་ལམ་ཡོད་སར་འགྲུལ་སྐྱེལ་རླངས་འཁོར་མེད་ན་གཞུང་ལམ་མེད་པ་དང་གཉིས་སུ་མ་མཆིས། མང་ཚོགས་འགྲོ་འོང་སྟབས་མི་བདེ་བའི་གནད་དོན་བསལ་ཆེད། 2013ལོ་ནས་བཟུང་། འཛམ་ཐང་རྫོང་གིས་སྔ་གཞུག་ཏུ་ཕོ་སུལ་དང་རྡོ་སྟོད། ན་མདའ། རྩང་ཁོག་སོགས་ལ་སྤྱི་སྤྱོད་འགྲུལ་སྐྱེལ་ལམ་ཐིག་བཏོད་ཡོད་དེ། སྤྱི་སྤྱོད་འགྲུལ་སྐྱེལ་ས་ཚིགས་12དང་ལག་བརྡ་ས་ཚིགས་23བཅས་བསྐྲུན་པ་དང་། སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་8དང་ཞིང་གྲོང་འགྲུལ་སྐྱེལ་རླངས་འཁོར་26ཡོད་པས། མང་ཚོགས་5000ལྷག་གི་འགྲོ་འོང་སྟབས་མི་བདེ་བའི་དཀའ་ངལ་བསལ་ཡོད།

ལམ་དང་ཐོན་ལས་མཉམ་དུ་སྤེལ།། དམངས་ལ་ཕྱུག་སྒྱུར་རེ་བ་ཆེ།།
    ཕྱུག་སྒྱུར་ལ་ཐོག་མར་ལམ་བསྐྲུན་དགོས། སྔོན་ཆད། འགྲིམ་འགྲུལ་གེགས་རྐྱེན་ཆེ་བས་འཛམ་ཐང་བར་མ་གྲོང་རྡལ་གྱི་ཐོན་ལས་སྣ་རྐྱང་ཡིན་ལ། ཐོན་རྫས་ཀྱང་བཙོང་དཀའ། རྒྱལ་ལམ་227པ་ཀུན་ནས་ཤར་གཏོང་བྱུང་བ་དང་། ཛམ་བྷ་ལ་རིག་གནས་ལྗོངས་སྐོར་A4མཛེས་ལྗོངས་ལེགས་པར་གྲུབ་པ་དང་བསྟུན། ཡོང་འབབ་མང་དུ་འཕར་བའི་བགྲོད་ལམ་ཡངས་བོར་ཕྱེས་ཡོད། ན་ནིང་། འཛམ་ཐང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལ་སྒོར་ཁྲི་57.67ཡོད།

    གཞུང་ལམ་དྲ་རྒྱ་ལྟར་འཐེན་ཡོད་པས། ཞིང་གྲོང་ཐོན་ཁུངས་ཀྱི་ཕན་འབྲས་ཇེ་ཆེར་ཐོན་བཞིན་ཡོད། འཛམ་ཐང་རྫོང་གིས་གླིང་ཆེན་བཞི་དང་ཞིང་ལས་རྟེན་གཞི་11། ཆེད་ལས་མཉམ་ལས་ཁང་133། བརྒྱུད་སྦྱོང་ཁང་47། Aརིམ་མཛེས་ལྗོངས་4བཅས་ལེགས་པར་བསྐྲུན་ནས་ཡུལ་ཚོ་རེར་ཐོན་ལས་རེ་དང་གྲོང་སྡེ་རེར་ཐོན་རྫས་ཤིག་མངོན་དུ་གྱུར་ཡོད་ལ། ཁོད་ཡངས་བའི་གཞུང་ལམ་ནི་འཛམ་ཐང་དབུལ་བྲལ་འབྱོར་ཕྱུག་དང་གྲོང་གསེབ་དར་རྒྱས་ཡོང་བའི་གཡང་ལམ་ཞིག་ཏུ་གྱུར་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1