ཨོ་རྒྱན་བསོད་ནམས་དང་ཁོང་གི་རླངས་འཁོར་ཉམས་བཟོ་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-19



          ཆུ་གསུམ་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ཙམ་ཡོད་པའི་སར། རླངས་འཁོར་ཉམས་བཟོ་ཁང(གནས་དེའི་མི་རྣམས་ཀྱིས་ལམ་དེར་བདག་སྐྱོང་དུམ་བུ་ཟེར)ཞིག་ཡོད་པ་དེ་ནི་ཆུ་གསུམ་རྫོང་གི་རླངས་འཁོར་ཉམས་བཟོ་ཁང་དང་པོ་དེ་ཡིན་པ་དང་། ཆུ་གསུམ་རྫོང་ཤག་བྱང་ཤང་རྫིང་སྒང་གྲོང་ཚོའི་ཨོ་རྒྱན་བསོད་ནམས་ནི་རླངས་འཁོར་ཉམས་བཟོ་ཁང་གི་སྦྱིན་བདག་ཡིན་པ་དང་ཁོང་ད་ལོ་ལོ་26ལ་སླེབས་འདུག
ཨོ་རྒྱན་བསོད་ནམས་ཀྱི་རླངས་འཁོར་ཉམས་གསོ་ཁང་།
          “རང་ཉིད་བྱིས་པའི་དུས་ནས་རླངས་འཁོར་ལ་དགའ་པོ་ཡོད་ལ། སྒོར་ཙག་རག་རྗེས་ལམ་སེང་རྩེད་ཆས་ཚོང་ཁང་དུ་བསྐྱོད་དེ་རང་ཉིད་ཀྱིས་དགའ་པོ་བྱེད་པའི་རླངས་འཁོར་གྱི་རྩེད་ཆས་ཉོ་གི་ཡོད། ཆུང་དུས་རྩེད་ཆས་རླངས་འཁོར་ནང་ག་རེ་ཡོད་མེད་ལྟ་འདོད་ཡོད་པས་རྩེད་ཆས་བཤིག་རྗེས་ཡང་བསྐྱར་སྒྲིག་གི་ཡོད། ཡིན་ནའང་བཤིག་རྗེས་ཚང་མ་སྟོང་པ་རེད་འདུག”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད།
          དམའ་འབྲིང་ཐོན་རྗེས་ཁོང་ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭའི་གློག་ལས་ཆེད་ལས་སུ་རྒྱུགས་འཕྲོད་པ་དང་། མ་གཞི་གློག་ལས་ཆེད་ལས་ཡིན་ཡང་། སློབ་གྲྭར་སྡོད་རིང་རླངས་འཁོར་གྱི་ནང་དོན་བྱས་པའི་དུས་དེབ་བལྟ་རྒྱུར་དགའ་པོ་ཡོད་པ་མ་ཟད། དྲ་ཐོག་ནས་རླངས་འཁོར་བཟོ་བའི་སྐོར་གྱི་ཤེས་བྱ་ཤེས་རྟོགས་བྱེད་པར་དེ་བས་དགའ་པོ་ཡོད་པས། དུས་དེ་ནས་བཟུང་རླངས་འཁོར་ཉམས་བཟོའི་ལས་ཀ་བྱེད་པའི་བསམ་བློ་འཁོར་བ་རེད།
          ཁོང་གིས“ང་སློབ་གྲྭར་ཡོད་དུས་ལས་ཞུགས་ཀྱི་གནས་ཚུལ་ཤེས་ཀྱི་ཡོད། དང་ཐོག་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་སྤྲོད་སྐབས་ཀྱང་སླད་ཕྱིན་རང་ཉིད་ཀྱིས་ལག་རྩལ་ཞིག་ཁོང་དུ་ཆུད་རྒྱུའི་བསམ་བློ་བཏང་བ་ཡིན། ལག་རྩལ་ཡོད་ཚེ་སྤྱི་ཚོགས་ཐོག་སླེབས་རྗེས་གོ་སྐབས་དེ་བས་མང་བ་ཡོད། གཞན་གྱི་གླ་པ་བྱས་ན་འགྲིག་ལ་རང་གིས་བྱ་གཞག་གསར་གཏོད་བྱེད་ནའང་འགྲིག གཙོ་བོ་ནི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ན་གང་ལས་ཀྱང་བཟང”ཞེས་བཤད།    

    ཨོ་རྒྱན་བསོད་ནམས་ཀྱིས་ས་འདྲུའི་འཕྲུལ་འཁོར་བཟོ་བཞིན་པ།
          2015ལོར་ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་རྗེས། ཨོ་རྒྱན་བསོད་ནམས་ལ་རླངས་འཁོར་ཉམས་བཟོ་སྦྱོང་བའི་གོ་སྐབས་ཤིག་བྱུང་ཞིང་། ཁོང་རླངས་འཁོར་ལ་དགའ་པོ་ཡོད་པས། ཕས་ལྷོ་ཁ་གྲོང་ཁྱེར་གྱི་རླངས་འཁོར་མྱུར་བཟོའི་ཁྲོམ་རར་རླངས་འཁོར་བཟོ་བའི་ལག་རྩལ་སྦྱོང་བར་མངགས། དུས་དེ་ནས་བཟུང་ཁོང་རང་ཉིད་ཀྱི་ཕུགས་བསམ་དང་ཐག་ཇེ་ཐུང་དུ་ཕྱིན། ལོ་གསུམ་རིང་ལྷོ་ཁ་གྲོང་ཁྱེར་གྱི་རླངས་འཁོར་མྱུར་བཟོའི་ཁྲོམ་རའི་དགེ་རྒན་ཕུར་བུ་ཚེ་རིང་དགེ་རྒན་དུ་བསྟེན་ནས་རླངས་འཁོར་བཟོ་བའི་ལག་རྩལ་སྦྱངས། ལོ་གསུམ་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རླངས་འཁོར་ཉམས་བཟོ་ཆེན་པོ་ཕུད་པའི་རླངས་འཁོར་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་རེད། སྔོན་མ་གློག་ལས་ཆེད་ལས་སློབ་སྦྱོང་བྱེད་མྱོང་བས། མཉམ་དུ་རླངས་འཁོར་བཟོ་བའི་སློབ་སྦྱོང་བྱེད་མཁན་སློབ་མ་བདུན་གྱི་ནང་ནས་ཁོང་ལག་རྩལ་ཤེས་མགྱོགས་ཤོས་དང་ཡག་ཤོས་སུ་གྱུར་བས། སྒེར་གྱིས་རླངས་འཁོར་ཉམས་བཟོ་ཁང་བཙུགས་པའི་ཆ་རྐྱེན་ཚང་མ་ལྡན་ཡོད།
          “2017ལོའི་ཟླ་12པར་ཆུ་གསུམ་རྫོང་གྲོང་ནས་བར་ཐག་སྤྱི་ལེ་3གྱི་སར་རང་ཉིད་ལ་དབང་བའི་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་པ་ཡིན། སྐབས་དེ་དུས་རླངས་འཁོར་ཉམས་བཟོ་ཁང་གི་གཞི་ཁྱོན་ཆུང་ཆུང་ཞིག་ལས་མེད་པས། རླངས་འཁོར་འཇོག་པར་སྟབས་བདེ་མེད་ལ་ཉེན་ཁ་ཆེན་པོ་འདུག 2018ལོའི་ལོ་དཀྱིལ་དུ་རླངས་འཁོར་ཉམས་བཟོ་ཁང་ཉེ་འགྲམ་གྱི་སྨི་100ཡི་སར་སྤོས་པས་རླངས་འཁོར་འཇོག་བདེ་ལ་གཞི་ཁྱོན་ཅུང་ཆེ་བས་ཚོང་ཡང་ཡག་ཏུ་ཕྱིན་སོང་། ད་ལྟ་ཆ་སྙོམས་ཡོང་འབབ་དེ་2017ལོའི་ཟླ་རེར་སྒོར་6000ནས་2020ལོའི་ཟླ་རེར་སྒོར་ཁྲི་1བར་མང་དུ་ཕྱིན་སོང”ཞེས་ཁོང་གིས་བཤད།
          ལས་གཏོད་བྱེད་འགོ་ཚུགས་མ་ཐག་པའི་སྐོར་གླེང་སྐབས། ཁོང་གིས་གསར་འགོད་པར“དང་ཐོག་རླངས་འཁོར་ཉམས་བཟོ་ཁང་གཉེར་སྐབས་དཀའ་ངལ་ཆེ་ཤོས་ནི་མ་དངུལ་རེད་འདུག བདག་ལ་རླངས་འཁོར་ཉམས་བཟོ་ཁང་འཛུགས་པར་མ་རྩ་ཁྲི་30དགོས་ཀྱི་ཡོད་པས། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་བྱེད་པའི་མ་དངུལ་སྒོར་ཁྲི་5རག་བྱུང་། དེ་ནས་ཁྱིམ་ནས་སྒོར་ཁྲི་5སྤྲད་བྱུང་། ལྷག་མ་རྣམས་བུ་ལོན་གཡར་བ་ཡིན། ད་ཆ་དངུལ་བུན་སྒོར་ཁྲི་20སྤྲད་ཟིན”ཞེས་བཤད།
          “ད་ཆ་རླངས་འཁོར་བཟོ་བའི་ཚོང་ཡག་པོ་ཡོད་པས་རླངས་འཁོར་ཉམས་བཟོ་ཁང་ནང་ལག་རྩལ་བྱང་ཆུབ་པའི་རླངས་འཁོར་བཟོ་མཁན་དགོས་ཀྱི་འདུག ལས་མི་ཚོས་རླངས་འཁོར་ཉམས་བཟོ་ཁང་དུ་འཁོར་ལོ་བརྗེ་བ་དང་། འཕྲུལ་སྣུམ་བརྗེ་བ། ལྷུ་ལག་བརྗེ་བ། གཞུང་ལམ་རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད། ངའི་རླངས་འཁོར་ཉམས་བཟོ་ཁང་འདི་མིག་སྔར་ཆུ་གསུམ་རྫོང་གི་རླངས་འཁོར་ཉམས་བཟོ་ཁང་གཅིག་པུ་དེ་ཡིན་པས། དེར་ཉིན་རེར་རླངས་འཁོར་5ནས་8བར་བཟོ་མཁན་སླེབས་ཀྱི་འདུག ཚོང་མང་ཤོས་ཀྱི་དུས་ཚོད་ནི་དབྱར་ཁ་རེད་འདུག དབྱར་ཁ་ལམ་འདིར་འགྲོ་འོང་བྱེད་མཁན་རླངས་འཁོར་དེ་བས་མང་བ་དང་རྣམ་གྲངས་ལས་ཡུལ་དུའང་ལས་འགོ་ཚུགས་ཀྱི་ཡོད་པས་དབྱར་ཁ་བྲེལ་བ་ཆེ་ཤོས་རེད། ད་ཆ་ངའི་རླངས་འཁོར་ཉམས་བཟོ་ཁང་ནང་ལས་མི་3ཡོད་པ་ཁོང་ཚོའི་བཟའ་སྡོད་གཉིས་ཀར་འགན་ལེན་བྱེད་པ་དང་ཟླ་རེར་གླ་ཆ་སྒོར་5000སྤྲོད་ཀྱི་ཡོད”ཅེས་ཁོང་གིས་གསར་འགོད་པར་བཤད།

   སྐལ་བཟང་ཚེ་བརྟན་གྱིས་རླངས་འཁོར་གྱི་འཁོར་ལོར་ཞིབ་བཤེར་བྱེད་བཞིན་པ།
          ད་ལོ་ལོ་50ལ་སླེབས་པའི་སྐལ་བཟང་ཚེ་བརྟན་ནི་རླངས་འཁོར་ཉམས་བཟོ་ཁང་གི་ལས་བཟོ་བ་ཞིག་ཡིན་པ་དང་། ཁོང་ལ་མཚོན་ན་2020ལོའི་གོང་ལ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་ཞིག་ཡིན་པ་དང་། བཟའ་ཟླ་ལོ་མང་པོའི་གོང་ནས་གྲོངས་པས་ཁོང་མི་གཅིག་གིས་ཕྲུ་གུ་གཉིས་པོའི་འཚོ་སྐྱོང་གི་འགན་ཁུར་དགོས་པའི་དབང་གིས། ཁྱིམ་གྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པ་རེད། ཁོང་གིས་གྲོང་ཚོ་གཅིག་ཡིན་པའི་ཨོ་རྒྱན་བསོད་ནམས་ཀྱིས་རླངས་འཁོར་ཉམས་བཟོ་ཁང་བཙུགས་ཡོད་པ་ཤེས་རྗེས་ཨོ་རྒྱན་བསོད་ནམས་ལ་གླ་པར་ཡོང་འདོད་ཡོད་པའི་བསམ་བློ་བཤད་པས། ཨོ་རྒྱན་བསོད་ནམས་ཀྱིས་ལམ་སེང་ཁས་ལེན་བྱས་ཏེ་ལས་མིར་བསྡུས། དེར་མ་ཟད། ཁོང་ལ་རླངས་འཁོར་ཉམས་བཟོ་བྱེད་པའི་ལག་རྩལ་རགས་ཙམ་བསླབས་པས། ད་ཆ་ཁོང་གིས་རླངས་འཁོར་གྱི་འཁོར་ལོ་བརྗེ་བ་སོགས་སྟབས་བདེའི་ལས་ཀ་མང་ཆེ་བ་ཤེས་ཀྱི་ཡོད་པ་རེད།
          སྐལ་བཟང་ཚེ་བརྟན་གྱིས“ང་འདི་གར་ཡོང་རྗེས་ཟླ་རེར་ཡོང་འབབ་སྒོར་5000འདུག སྲིད་ཇུས་བཟང་པོའི་འོག་རང་གི་ལག་གཉིས་ལ་བརྟེན་ནས་2020ལོར་དབུལ་སྒྲོལ་ཐུབ་བྱུང་། ད་ལྟ་ངའི་ནང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་སོང་བས་ངས་སྦྱིན་བདག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
          ཨོ་རྒྱན་བསོད་ནམས་ཀྱིས“རང་ཉིད་ལ་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་ནང་མིའི་རྒྱབ་སྐྱོར་དང་རོགས་རམ་འོག་བྱུང་བ་ཡིན། ལྷག་པར་དུ་བཟའ་ཟླ་པད་མ་སྒྲོལ་དཀར་གྱིས་རང་ལ་རྒྱབ་སྐྱོར་ཆེ་ཤོས་བྱས་བྱུང་། ང་རང་དང་བཟའ་ཟླ་གཉིས་ཀ་ཆུ་གསུམ་རྫོང་ནས་ཡིན་པ་དང་། ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བས་ཕན་ཚུན་རྒྱུས་མངའ་ཆེན་པོ་ཡོད། པད་མ་སྒྲོལ་དཀར་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བདག་གི་ལས་གཏོད་ལ་རྒྱབ་སྐྱོར་ཧུག་ཐག་བྱས་བྱུང་། པད་མ་སྒྲོལ་དཀར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ལས་ཀ་བྱེད་བཞིན་ཡོད་ཀྱང་ཉིན་ལྟར་ཁ་པར་བརྒྱབ་ནས་ང་ལ་སྐུལ་མ་གཏོང་གི་འདུག་ལ། མཉམ་དུ་རླངས་འཁོར་ཉམས་བཟོ་ཁང་གི་མ་འོངས་པའི་སྐོར་གྲོས་བསྡུར་ཡང་བྱེད་ཀྱི་ཡོད”ཅེས་བཤད།
          ཨོ་རྒྱན་བསོད་ནམས་ཀྱིས་རླངས་འཁོར་ཉམས་བཟོ་ཁང་གི་འབྱུང་འགྱུར་ལ་བསམ་བློ་མང་པོ་གཏོང་གི་ཡོད་པ་རེད། ཁོང་གིས་སླར་ཡང་དངུལ་བུན་སྒོར་ཁྲི་50གཡར་ནས་ད་ཡོད་ཀྱི་རླངས་འཁོར་ཉམས་བཟོ་ཁང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ་རླངས་འཁོར་བཟོ་རྩལ་ཤེས་པའི་ལས་མི་ཁག་གཅིག་གསོ་སྐྱོང་བྱས་ནས། ཆུ་གསུམ་རྫོང་གི་རླངས་འཁོར་རྣམས་ཆུ་གསུམ་རྫོང་རང་ལ་ཉམས་གསོ་སྤུས་དག་ཐུབ་པའི་བསམ་བློ་ཡོད་པ་རེད།
          བཅར་འདྲི་མཇུག་འགྲིལ་ལ་ཉེ་བའི་མཚམས་འདིར། ཁོང་གིས་གསར་འགོད་པར“རང་ཉིད་ཀྱིས་ལས་གཏོད་བྱེད་པ་ནི་གདམ་ག་ཡང་དག་པ་ཞིག་རེད་འདུག ད་ལྟ་སློབ་ཆེན་སློབ་མ་སློབ་ཐོན་བྱུང་རྗེས་ལས་གཏོད་བྱེད་པའི་སྲིད་ཇུས་ཡག་པོ་ཡོད་པས། ལས་གཏོད་བྱེད་པ་ནི་གོ་སྐབས་ཡག་པོ་ཞིག་རེད་འདུག”ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1