ཁྲོན་བོད་ལམ་བུའི་ཕུགས་འདུན་སྙེགས། “ལམ་གཉིས”དཔའ་བོར་རྗེས་དྲན་ཞུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19



    ཤར་སྒོ་གྲོང་ཚོ་འདི་ཉིད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ཟིན་གྱི་ཡོད་ལ། དེ་ནི་མཐོ་སྒང་གི་ས་མ་འབྲོག་གི་གྲོང་ཚོ་དཀྱུས་མ་ཞིག་རེད། ན་ནིང་གི་ཚུན་དུ་རོགས་སྐྱོར་མི་སྣས་ཇུས་འགོད་དང་འཁོར་རྒྱུག་ཞིབ་ཚགས་བྱས་ཏེ་ཡུལ་འདིར་ལས་སྣོན་བྱས་པའི་ནས་ཀྱི་ཏན་ཞིམ་དྲ་ཐོག་ཚོང་ཁང་བརྒྱུད་རྒྱལ་ཡོངས་སུ་བྲིན་ཚོང་བྱས་ནས་གྲོང་མིའི་འབབ་ཁུངས་བརྟན་པོ་ཞིག་ཏུ་གྱུར་ཡོད།
   “འགྲིམ་འགྲུལ་ལེགས་སུ་ཕྱིན་མེད་ན་ཐོན་ལས་འཕེལ་རྒྱས་འགྲོ་མི་སྲིད”ཅེས་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝུན་ཞུའེ་སུང་གིས་བཤད། ཁོང་གིས“ཤར་སྒོ་གྲོང་ཚོ་འདི་ཉིད་ཞིང་ཆེན་ལམ་217གྱི་འགྲམ་དུ་ཡོད་པ་དང་། རྒྱལ་ལམ་318དང་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་ཁྲེང་ཏུའུ་རུ་ཤར་གཏོང་ཐུབ་ཡོད། མི་རྣམས་འགྲོ་སྐྱོད་བདེ་ལ་ཟོག་འགྲེམས་སྟབས་བདེ་བས་གྲོང་ཚོར་དེང་རབས་ཀྱི་ཚན་རྩལ་ནང་འདྲེན་བྱ་རྒྱུར་རྨང་གཞི་བཏིང་ཡོད་ལ། ཐག་རིང་ལུང་ཁུག་གྲོང་ཚོ་དེའི་ཞིང་ཞོར་ཐོན་རྫས་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱེད་ཡུན་མགྱོགས་སུ་སོང་ནས་ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་བྲིན་ཁ་རྒྱུག་པའི་ཚོང་ཟོག་ཏུ་གྱུར་ཡོད”ཅེས་བཤད།
    ལེ་དབར་སྟོང་གི་ཁྲོན་བོད་གཞུང་ལམ་བརྒྱུད་ས་མཐོའི་ཤར་སྒོ་གྲོང་ཚོ་དང་འདྲ་བའི་གྲོང་ཚོ་མང་པོ་ཞིག་སྦྲེལ་མཐུད་བྱས་ནས་ཞིང་ལས་ཐོན་རྫས་ཕྱིར་གཏོང་དེ་བས་སྟབས་བདེ་དང་ཡུལ་གཞན་གྱི་མི་དེར་ཡོང་རྒྱུ་སྔར་བས་སྟབས་བདེ་རུ་ཕྱིན་ཏེ་ས་མཐོའི་མང་ཚོགས་ཚོའི་མཐོང་རྒྱ་ཆེ་རུ་དང་བསམ་ཕྱོགས་རྒྱ་ཆེར་ཕྱིན་ཡོད།
    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་དམིགས་བསལ་དང་བརྗིད་ཉམས་ལྡན་པའི“ལ་སྒོ་འཁྱགས་རོམ”གྱིས་ཡུལ་སྐོར་བ་མང་པོ་ཁྲོན་བོད་ལམ་བུ་བརྒྱུད་ནས་དེར་ཡོང་རྒྱུར་ཡིད་དབང་བཀུག་ཡོད། ཡུལ་དེས་གོ་སྐབས་དེ་དང་བསྟུན་ནས་རྨང་གཞིའི་སྒྲིག་བཀོད་དང་ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གསོལ་མགྲོན་ཁང་དང་། ཟ་ཁང་། སྒོ་རྩིས་ཚོང་ཁང་། རྒྱ་ཁོག་ཟ་ཁང་། སྐྲ་བཞར་ཁང་སོགས་ཞབས་ཞུའི་སྒྲིག་བཀོད་100ལྷག་ཙམ་བཙུགས་ནས་མི་200ལྷག་ཙམ་ལས་ཞུགས་ཐུབ་ཡོད།
   གསར་འགོད་པས་མཐོང་གསལ། ར་འོག་གྲོང་རྡལ་ཝ་པ་གྲོང་ཚོར་ལ་སྒོ་གྲོང་ཚོའི་སྤྱི་ཕན་མགྲོན་ཁང་དང་ཁང་གསར་གྲོང་ཚོའི་ཡུན་ལའེ་གསོལ་མགྲོན་ཁང་ཆེ་མོ་སོགས་ཀྱིས་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ལོ་ལྟར་གཏན་འཇགས་ཡོང་འབབ་བྱུང་བ་དང་། ལ་སྒོ་གྲོང་ཚོས་རྟ་100ལྷག་ཙམ་ཡོད་པའི་ལྟ་སྐོར་རུ་ཁག་ཆེད་མངགས་བཙུགས་པར་ལོ་ལྟར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ནས་དུད་ཚང་109འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ཙམ་བྱུང་བ་རེད།
   གནའ་སྔ་མོ་ནས་བཟུང་ཁྲོན་བོད་ས་མཐོའི་ས་ཁུལ་དང་ནང་སའི་དབར་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཡང་ཡང་བྱེད་ཀྱི་ཡོད་མོད། འོན་ཀྱང་འཕྲེད་རྒྱུག་རི་རྒྱུད་ཀྱི་གངས་རི་དང་ཆུ་རྒྱུན་མང་པོའི་རྐྱེན་པས་ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་བར་ནང་ས་ནས་བོད་དུ་ཡོང་བའི་འགྲིམ་འགྲུལ་ལ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད།
    1951ལོར་བོད་སྐྱོད་བཅིངས་འགྲོལ་དམག་གིས་དཔུང་སྐྱོད་བྱེད་ཀྱིན་ལམ་བཟོས་ཤིང་། དམག་དམངས་ཁྲི་བཅུ་ལྷག་ཙམ་གྱིས་དུས་ཡུན་ལོ་4ལྷག་ཙམ་དཀའ་སྤྱད་འབད་འཐབ་བྱས་མཐར་ས་མཐོའི“བཀག་སྡོམ་ཁུལ”དུ་ཁྲོན་བོད་སྦྲེལ་བའི་ཚེ་སྲོག་གི་ལམ་ཐིག་ཅིག་བཏོད་ཡོད། 1954ལོའི་ཟླ་12ཚེས་25ཉིན་སྐབས་དེ་དུས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་གཉིས་ཏེ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་མཉམ་དུ་ཤར་གཏོང་ཐུབ་ཅིང་། དུས་དེ་ནས་བཟུང་། བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཚོས“རྐང་ལམ་ཕྲ་མོ་དང་། འཕྲང་ལམ། འགྲེང་ཟམ”བཅས་བརྒྱུད་པའི་ལོ་རྒྱུས་མཇུག་འགྲིལ་ནས་གཞུང་ལམ་ཐོག་རླངས་འཁོར་གཏོང་བའི་དུས་རབས་བསུས་ཡོད།
    ལམ་ངོས་རྒྱ་བསྐྱེད་ནས་སྣུམ་ནག་ལམ་བཏིང་བ་དང་། ཟམ་པ་བསྐྱར་སྐྲུན་བརྟན་གཏོང་། ཉེན་ཁ་ཆེ་བའི་ལམ་དུམ་ལེགས་གཏོང་སོགས་དེ་རྗེས་ཀྱི་ལོ་བཅུ་ཕྲག་ནང་རྒྱལ་ཁབ་ཀྱིས“ལམ་གཉིས”ལ་རྒྱུན་ཆད་མེད་པར་བཅོས་སྒྲིག་དང་སྒྱུར་བཀོད་བྱས་ནས་ས་མཐོའི་ཚེ་སྲོག་ལམ་ཐིག་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། སྲིད་གཞུང་གིས་བོད་འབྲེལ་ས་ཁུལ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། དེ་བཞིན་ལས་གྲྭའི་ལག་རྩལ་མགྱོགས་མྱུར་ཡར་རྒྱས་སོང་ནས་ཉེ་བའི་ལོ་ཤས་རིང་ཁྲོན་བོད་ལམ་ཐིག་གི་རྣམ་གྲངས་ཆེན་པོ་དང་གལ་ཆེན་ཁག་གཅིག་ཟམ་མི་ཆད་པར་བསྐྲུན་ཡོད།
   སྤྲིན་ཁྲོད་མཁའ་ལམ་གྱིས་འཛམ་གླིང་ཡང་རྩེར་སྔར་ན་མེད་པའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ངོ་མཚར་བཏོད་པ་མ་ཟད། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ། ལམ་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་དེ་ཁྲོན་བོད་ལམ་བུའི“ཕུགས་འདུན་གྱི་ལམ་སྟོན”ལྟ་བུར་གྱུར་ཡོད། ད་ཆ་བོད་དུ་སྐྱོད་པའི་མྱུར་བགྲོད་གཞུང་ལམ་དང་ཁྲོན་བོད་ལྕགས་ལམ་ནུས་ཤུགས་ཡོད་རྒུས་གང་མགྱོགས་སྐྲུན་བཞིན་ཡོད་པ་དང་། འབད་འཐབ་པ་ཚོས་གངས་ལྗོངས་ས་མཐོར་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་གྱི་སྙན་ངག་མུ་མཐུད་རྩོམ་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1