བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པ་སྐབས་བཅུ་བདུན་པའི་མཐོ་རིམ་ཡོན་གནས་ཀྱི་རྩོད་རྒྱུགས་པེ་ཅིང་དུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-20



           ཟླ5པའི་ཚེས17ཉིན། 2021ལོའི་མཐོ་རམས་པ་སྐབས་བཅུ་བདུན་པའི་མཐོ་རིམ་ཡོན་གནས་ཀྱི་མཐར་ཕྱིན་རྩོད་རྒྱུགས་དེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཏོང་འགོ་བརྩམས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་ས་སྐྱ་པ། ཇོ་ནང་པ་བཅས་ཀྱི་སློབ་མ33སྐབས་འདིའི་མཐོ་རམས་པའི་མཐོ་རིམ་ཡོན་གནས་ཀྱི་རྩོད་རྒྱུགས་ནང་ཞུགས་ཡོད་པ་དང་དེའི་ནང་དགེ་ལུགས་པའི་དགེ་འདུན་པ14དང་། ས་སྐྱ་པའི་དགེ་འདུན་པ13། ཇོ་ནང་པའི་དགེ་འདུན་པ6བཅས་ཡོད། 

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཉི་འོད་ཐོག་ཁང་། 
           རྒྱུགས་རའི་ནང་དུ་སླེབས་རྗེས། དམ་བཅའ་བ་དང་རིགས་སློང་བ་གཉིས་གྲལ་གཉིས་སུ་དགར་ནས་དཀྱིལ་དྲུང་དུ་བཞུགས་ཡོད་ཅིང་དཔྱད་འདེམས་པ་རྣམས་རྒྱུགས་རའི་གོང་དཀྱིལ་དུ་བཞུགས་ཡོད། ཐུན་མོང་ཐོག་འདོན་པ་བཏོན་ཚར་རྗེས། དཔྱད་འདེམས་པས་མིང་ཐོ་གཞིར་བཟུང་རིམ་པ་བཞིན་དམ་བཅའ་བ་དང་རིགས་སློང་པ་གཉིས་ལ་རིམ་བཞིན་རྟགས་གསལ་གཏོང་དུ་བཅུག་པ་དང་། སྐབས་འདིར་དཔྱད་བསྡུར་ལ་ཞུགས་པའི་དགེ་འདུན་པ་ཚོ་རྒྱུགས་རའི་དཀྱིལ་དུ་དཀྱིལ་དྲུང་ལ་བཞུགས་ཡོད་ཅིང་། ཐལ་ལྕགས་རྡེབ་སྒྲ་གསལ་ལྷང་ངེ་ཞིག་དང་མཉམ་དུ་རིགས་སློང་བ་དག་གིས་དམ་བཅའ་བར་དམིགས་ནས་རྟགས་གསལ་འདྲ་མིན་གཏོང་གི་ཡོད་ལ། དྲི་བ་རྣོ་ཞིང་གཟུ་པས་དམ་བཅའ་བར་རིགས་ལམ་གསལ་པོ་ཞིག་དགོས་པ་མ་ཟད་སྨྲ་ལྕེ་རྒོད་པོ་ཞིག་ཀྱང་ཡོད་དགོས་པ་རེད།  

དགེ་ལུགས་པའི་རྩོད་རྒྱུགས་ཀྱི་ཡུལ་དངོས།
           རྟགས་གསལ་གཏོང་པའི་གོ་རིམ་ཁྲོད་རྟགས་གསལ་ལ་ཞུགས་མཁན་ཇེ་མང་དུ་སོང་པ་དང་བསྟུན་ནས་རྒྱུགས་རའི་ནང་གི་རྩོད་སྒྲ་ཡང་དེར་བསྟུན་ཇེ་མཐོར་ཕྱིན་ཞིང་རྩོད་པ་རིམ་བཞིན་ཛ་དྲག་ཏུ་ཕྱིན། 

ས་སྐྱ་པའི་རྩོད་རྒྱུགས་ཀྱི་ཡུལ་དངོས། 
           ཤེས་རྟོགས་བྱུང་བར་གཞིགས་ན། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་དེ་ནི2004ལོར་བཙུགས་པ་དང་ལམ་ལུགས་དེའི་དམིགས་ཡུལ་ནི་ཆབ་སྲིད་ལ་བློ་འགེལ་ཆོག་པ། གཞུང་ལུགས་ལ་ཐོས་བསམ་ཟབ་པ། སྤྱོད་ལམ་ལ་ཀུན་གྱིས་བཀུར་བ། འགག་རྩའི་དུས་ལ་ནུས་པ་འཐོན་པ་བཅས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད། མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཚད་ལོ་གསུམ་ཡིན། ལོ་རིམ་གཉིས་པའི་སློབ་སྐབས་སྟོད་དུ་དགོན་སྡེར་སློབ་སྦྱོང་བྱེད་པ་དང་འབྲེལ་སློབ་ཐོན་དཔྱད་རྩོམ་འབྲི་དགོས་པ་མ་ཟད། དུས་ཚོད་གཞན་དག་ནང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཅིག་སྡུད་སློབ་སྦྱོང་བྱེད་དགོས་པ་རེད། 

ཇོ་ནང་པའི་རྩོད་རྒྱུགས་ཡུལ་དངོས། 
           འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་རྒྱུགས་ལེན་བྱེད་ཡུལ་དུ་རྒྱུགས་ར་ལྔ་ཡོད་པའི་ནང་དགེ་ལུགས་པའི་རྒྱུགས་ར2དང་། ས་སྐྱ་པའི་རྒྱུགས་ར2དང་། ཇོ་ནང་པའི་རྒྱུགས་ར1བཅས་ཡོད་པ་རེད། ད་ཐེངས་ཀྱི་མཐོ་རིམ་ཡོན་གནས་རྩོད་རྒྱུགས་གཟའ་འཁོར་གཅིག་ཙམ་རྒྱུན་མཐུད་ངང་གཏོང་རྒྱུ་ཡིན་ལ། ཡིག་རྒྱུགས་ནང་ཞུགས་མཁན་སློབ་མས་ཐོབ་ཐང་ཞིབ་བཤེར་དང་རྩོད་རྒྱུགས། དཔྱད་རྩོམ་དམ་བཅའ་སོགས་ཀྱི་རིམ་པ་ཚང་མ་ནན་གྱིས་བརྒྱུད་རྗེས་ད་གཟོད་མཐོ་རམས་པའི་མཐོ་རིམ་ཡོན་གནས་ཐོབ་ཐུབ་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1