རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 05-20



        ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་མགོ་བརྩམས། 
        ཚེས18ཉིན། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་བཤེར་ཚོ་ཆུང་ཟླ5པའི་ཟླ་སྨད་ནས་ཟླ6པའི་ཟླ་དཀྱིལ་བར་ཧོ་པེ་དང་ཧྲན་ཤིས། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་སོགས་ཞིང་ཆེན་དུ་ཡུལ་དངོས་ཞིབ་བཤེར་བྱེད་པར་སྐྱོད་རྒྱུ་རེད། དུས་མཚུངས་སུ་ཅང་སུའུ་དང་ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཧྲའན་ཞི་སོགས་ཞིང་ཆེན(གྲོང་ཁྱེར)དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ས་ཁོངས་ནང་གི་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱས་ཡོད། ཞིབ་བཤེར་གྱིས་ཁྲིམས་འཛིན་ཞིབ་བཤེར་དང་ཁྲིམས་བཟོའི་ལས་དོན་ཟུང་འབྲེལ་དང་། ཁྱོན་ཡོངས་ནས་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར་ཟུང་འབྲེལ། ཁྲིམས་བསྟར་ཞིབ་བཤེར་དང་བཅའ་ཁྲིམས་ཚོད་སྐོར་ཟུང་འབྲེལ། ཁྲིམས་བསྟར་ཞིབ་བཤེར་དང་གྲངས་འཛིན་ཆེན་མོའི་དབྱེ་ཞིབ་ཟུང་འབྲེལ། ཁྲིམས་བསྟར་ཞིབ་བཤེར་དང་འབྲེལ་ཡོད་བཅའ་ཁྲིམས་དབྱེ་ཞིབ་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱད་རྒྱུ་རེད།  
        ཤེས་རྟོགས་བྱུང་བ་ལྟར་ན། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་དུས་མགོའི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་ཁྲིམས་ཁང་། ཁེ་ལས། བར་སྦྲེལ་སྒྲིག་གཞི་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ལ་ཉན་འཇོག་བྱས་པའི་རྨང་གཞིའི་སྟེང་། ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས། མ་རྩ་རྡིབ་པའི་གྱོད་དོན་འདྲི་གཅོད་བྱས་ཚུལ་དང་། མ་རྩ་རྡིབ་པའི་བསྐྱར་སྒྲིག་ལམ་ལུགས་ལག་བསྟར་བྱས་ཚུལ། མ་རྩ་རྡིབ་པའི་དོ་དམ་པའི་ལམ་ལུགས་ལག་བསྟར་བྱས་ཚུལ། གཞུང་ཁོངས་ཁེ་ལས་ཁྲིམས་ལྟར་མ་རྩ་རྡིབ་པའི་ལག་བསྟར་བྱས་ཚུལ། ཁེ་ལས་མ་རྩ་རྡིབ་པའི་ཁྲོད་ཀྱི་སྲིད་གཞུང་གི་མཐུན་སྦྱོར་ལམ་སྲོལ་བཙུགས་ཚུལ། མ་རྩ་རྡིབ་པའི་བསྐྱར་སྒྲིག་ཁེ་ལས་ཀྱི་ཡིད་རྟོན་ཉམས་གསོའི་གནས་ཚུལ། འབྲེལ་ཡོད་བཅའ་ཁྲིམས་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཚུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛིན་ཞིབ་བཤེར་ལ་ཟུང་འབྲེལ་བྱས་ནས་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུ་རེད། 
        ཟླ7པའི་ཟླ་འགོར། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་ནས་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་རེད། ཟླ8པའི་ཟླ་སྨད་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུས་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་རེད། 2022ལོའི་ཟླ2པར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུས་ཞིབ་འཇུག་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1