གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༢༡ཉིན།

རིག་རྩལ་གཞོན་ནུ་གྲོང་གསེབ་དར་རྒྱས་ནང་ཞུགས།


 
     ད་ཆ་གཞོན་ནུ་མང་པོ་ཞིག་ཕ་ཡུལ་ལ་འཕྲེང་བའི་སེམས་པ་སོགས་དབང་གིས་གྲོང་ཁྱེར་གྱི་འཚོ་བ་བཞག་ནས་གྲོང་གསེབ་ཏུ་རང་ཉིད་ཀྱིས་རེ་སྨོན་བྱེད་པའི་འཚོ་བ་སྐྱེལ་བར་འགྲོ་ཡི་ཡོད།
     དེའི་ཁྲོད་ཞིང་ལས་ཆེད་ལས་མིན་པའི་གཞོན་ནུ་ཁག་གཅིག་གིས་ཞིང་ནང་ནས་ལས་གཏོད་ཀྱི་གོ་སྐབས་འཚོལ་གྱི་ཡོད། མ་གཞི་ལས་གཏོད་ཀྱི་ཉམས་མྱོང་མེད་ཀྱང་དེ་སྔ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་མྱོང་བའི་ཁོང་ཚོའི་སྤྱིའི་བྱང་ཚད་ཅུང་མཐོ་བ་དང་། འདུ་ཤེས་གསར་ལ་མཐོང་རྒྱ་ཆེ་བས། རིམ་བཞིན་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།
     གྲོང་ཁྱེར་ནས་གྲོང་གསེབ་ཏུ་ས་ཞིང་གསར་སྦོལ་བྱེད་པར་ཡོང་བའི་རིག་གཞུང་ཚན་ཁག་གི་གཞོན་ནུ།
     སྐས་ཞིང་ཐོག་ལྗང་མྱུག་དང་ས་སེར་གཅིག་ལ་གཅིག་འདྲེས་སུ་གནས་ཤིང་། ཐའེ་ཕིང་བྱ་དེ་ནག་པོས་སེའུ་སྡོང་འོག་ཟས་འཚོལ་བཞིན་འདུག ལི་ཤིང་ར་བ་དང་། སེའུ་སྡོང་ར་བ། འབྲི་ཏ་ས་འཛིན་གྱི་དྲོད་ཁང་སོགས་ཀྱིས་རི་ཀླུང་མཛེས་པར་བརྒྱན་ཞིང་། པ་ཡག་དང་། རྒྱ་སེ་མེ་ཏོག ལུག་མིག་མེ་ཏོག་བཅས་རི་ལུང་ཀུན་ཏུ་ལྷུག་པོར་བཞད།
     ལོ་42ལ་སླེབས་པའི“ཞིང་པ་གསར་པ”ཀྲང་ཧྲུའུ་ཧའོ་དང་ཁོང་གི་གཞོན་ནུ་ཚོགས་པས་ལོ་གཅིག་གི་དུས་ཚོད་ནང་མུའུ་6000ལྷག་ཙམ་གྱི་ས་སྟོང་དེ་གསོན་ཤུགས་རབ་ཏུ་རྒྱས་པའི་ཞིང་ས་གཤིན་པོར་བསྒྱུར་ཡོད། འདི་ག་ནི་གཞོན་ནུ་ཚོའི་ནུས་ཆེའི་ཞིང་ལས་ཀྱི་ཚོད་ལྟའི་ཞིང་ཁ་ཡིན་ལ་ཡུལ་མི་ཚོ་ལས་གཏོད་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི“ནོར་ཞིང”ཡང་ཡིན།
     ཆེད་ལས་ཕྱི་སྐད་ཡིན་པའི་ཀྲང་ཧྲུའུ་ཧའོ་ནི་སློབ་ལ་བརྩོན་པའི་རིག་གཞུང་ཚན་ཁག་གི་སློབ་མ་ཞིག་རེད། 2020ལོར་ཁོང་གིས་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ལས་ཀ་རྩ་དགོངས་ཞུས་ཏེ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཐེན་ཧྲུའེ་གྲོང་ཁྱེར་ཆིན་ཀྲོའུ་ཆུས་མུའུ་ཏན་གྲོང་རྡལ་གྱི་ཤིང་ཧྭ་རུང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལས་ཀ་བྱེད་པར་ཡོང་།
     2018ལོར་ཀུང་སི་དེས་མུའུ་ཏན་གྲོང་རྡལ་ཚའོ་ཁྲོན་གྲོང་ཚོ་དང་ཧྲེ་ཅུས་གྲོང་ཚོ་ནས་ས་ཞིང་མུའུ་6000ལྷག་ཙམ་བླངས་ནས་འབྲས་ཤིང་དང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་གཙོ་བོར་བྱེད་པའི་དེང་རབས་ནུས་ཆེའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་བཀོད། དེ་སྔའི་ལས་ཀར་ཡིད་མུག་པའི་ཁར་ཏག་ཏག་རི་ཀླུང་ལ་དགའ་པོ་ཡོད་པའི་དབང་གིས་ཀྲང་ཧྲུའུ་ཧའོ“80ནང་སྐྱེས”དང“90ནང་སྐྱེས”ལས་གྲུབ་པའི“གསར་སྦོལ་རུ་ཁག”དེའི་ནང་ཞུགས།
     “དེ་སྔ་གྲོང་ཚོའི་གང་སར་ས་སྟོང་ཡིན་པས་གཞོན་ནུ་མང་ཆེ་བ་ཕ་ཡུལ་དུ་ལོག་འདོད་བྱེད་ཀྱི་མེད”བེད་མེད་དུ་ལུས་པའི་ས་ཆ་དག་ཧྲེ་ཅུས་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤིན་ཐེན་ཞང་གི་ལོ་མང་གི་སེམས་ནད་དུ་གྱུར་ཡོད།
     ད་ཆ་ས་སྟོང་དེ་དག་སྐས་ཞིང་དུ་གྱུར་ཅིང་། ཐོན་ལས་གླིང་གིས་མཐའ་འཁོར་གྲོང་ཚོའི་གྲོང་མི་700ལྷག་ཙམ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
     “90ནང་སྐྱེས”ཀྱི་སྒྱུ་རྩལ་གཞོན་ནུའི་ཞིང་ནང་གི་འཚོ་བ།
     ཝང་ལེ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ཆུ་བར་ཤང་ཁྲེང་མཱ་གྲོང་ཚོ་ནས་རེད། ལོ་27ལ་སླེབས་པའི་བོད་རིགས་ཕོ་གཞོན་དེ་དང་ཐོག་ཕྱིར་རོལ་དབྱངས་སྒྲིག་བཟོ་སྦྱོང་གི་ཡོད་པ་དང་། ད་ཆ་པ་ཕའི་ལག་ནས་མུའུ་300ལྷག་ཙམ་གྱི་སྟར་ཁའི་ལྡུམ་ར་རྩིས་བླངས་ཏེ་ཁྱིམ་དུ་བྱ་གསོ་དང་། སྦྲང་གསོ། སྟར་སྡོང་གཡོག་བྱེད་སོགས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཞོལ་བཞིན་ཡོད།
     ཝང་ལེས“དེ་སྔོན་ཕ་ཡུལ་དུ་ལོག་ནས་ཞིང་ལས་བྱེད་མི་འདོད་པ་ནི་སྐབས་དེའི་གཉེར་སྐྱོང་བྱེད་ཐབས་རྙིང་པ་ཡིན་པས་རེད། ད་ཆ་སྟར་ཁའི་ལྡུམ་ར་རྩིས་བླངས་ཏེ་པ་ཕའི་ཚེ་གང་གི་བྱ་གཞག་དེར་གསོན་ཤུགས་གསར་པ་སྦྱིན་འདོད་འདུག”ཅེས་བཤད། ལོ་གསུམ་རིང་ཝང་ལེས་བློ་གཅིག་སེམས་གཅིག་གིས་ཞིང་ལས་ལ་བརྩོན་ཞིབ་བྱས་པས། བྱ་དེ་གཅིག་ཀྱང་གསོ་མི་ཤེས་པ་ནས་ལས་རིགས་ཀྱི་ཞིང་པ་གསར་པ་ཞིག་ཏུ་གྱུར།
     ད་ཆ་སྟར་ཁའི་ལྡུམ་རར་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ནགས་ཁྲོད་ཐོན་ལས་འཁོར་འབྲེལ་བཏོད་ཡོད། ཝང་ལེས་ད་དུང་སྐྱེ་ཁམས་ལྗོངས་རྒྱུའི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་ཚོད་ལྟ་བྱས་པ་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
     གཞོན་ནུ་དེ་བས་མང་བ་གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པར་གྱུར་པ།
     གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན། ཝང་ལེ་དང་ཀྲང་ཧྲུའུ་ཧའོ་དང་འདྲ་བའི་བྱང་ཚད་མཐོ་བའི་གཞོན་ནུ་ཤེས་ལྡན་པ་གྲོང་གསེབ་ཏུ་ཡོང་སྟེ། རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་གསོན་ཤུགས་རབ་ཏུ་རྒྱས་པའི་ས་གཞི་དེར་རང་འཁྲིའི་ལས་ལ་ཧུར་ཐག་གཞོལ་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
     འདི་ལོ་ཚུན་དུ། ཀན་སུའུ་ཞིང་ཆེན་གྱིས“གྲོང་གསེབ་དར་རྒྱས་གཏོང་། གཞོན་ནུས་བྱས་རྗེས་འཇོག”ཅེས་པའི་བྱ་སྤྱོད་སྤེལ་རྩིས་ཡོད་ཅིང་། ཐོན་ལས་དར་རྒྱས་དང་། ཤེས་ལྡན་པ་གསོ་སྐྱོང་། རིག་གནས་དར་སྤེལ་སོགས་ལ་དམིགས་ཏེ། གླིང་ཁུལ་དང“གཉིས་གཏོད”ཀྱི་རྟེན་གཞི་སྣ་ཚོགས་ལ་བརྟེན་ནས་ཞིང་ཆེན་རིམ་པའི་གཞོན་ནུའི་ལས་གཏོད་དཔེ་སྟོན་རྟེན་གཞི་བཙུགས་ཏེ། གཞོན་ནུ་ཤེས་ལྡན་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་དང་། རྒྱབ་སྐྱོར། ཞབས་ཞུ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་དངོས་ནང་ཞུགས་ཡོད།
     “ང་རང་ཕ་ཡུལ་དུ་ལོག་རྗེས་རང་ཉིད་དང་བློ་སེམས་མཐུན་པའི་གཞོན་ནུ་མང་པོ་ཐུག་བྱུང་། མ་གཞི་ལོ་ན་ཆུང་མོད། འོན་ཀྱང་ཚང་མ་བརྩེ་སེམས་དང་། འགན་འཁྲི་འཁུར་སེམས། ལས་ཀ་བྱེད་སེམས་བཅས་ཆེ་བས་ཁོང་ཚོས་གྲོང་ཚོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཡོད”ཅེས་ཝང་ལེས་བཤད།
     ཝང་ལེ་དང་འདྲ་བའི་གཞོན་ནུ་ཚོའི་སེམས་ནང་གྲོང་གསེབ་དར་རྒྱས་ཀྱི་འགྲུལ་བཞུད་ལམ་བུ་ཤིན་ཏུ་ཡངས་བས། འབྱུང་འགྱུར་རེ་བས་ཁེངས།

39.7K

རྩོམ་ཡིག་སྔོན་མ།
༄༅།།ཉི་ཁྲིའི་སྟོན་ཁ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1