མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་ནུས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-24


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉི་ཤུ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 
        ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཕཱ་ལེ་སི་ཐན་དང་དབུས་ཤར་གནད་དོན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་རང་ནུས་ཅི་ཡོད་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོར་རང་ཚོད་འཛིན་དུ་འཇུག་དགོས་པ་དང་། འཁྲུག་རྩོད་དེ་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར། 
        ཀུའུ་ཐི་ལོས་སི་ཡིས་ཧུར་ཐག་སྒོས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། འཐབ་འཁྲུག་ལའང་རྩ་དོན་ཡོད་ཀྱང་མི་སེར་དཀྱུས་མར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན། ཁོས་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་དྲག་ཆས་འཁྲུག་རྩོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། དམག་དོན་འགུལ་སྐྱོད་སྤེལ་སྐབས་ཚད་ཆེན་པོས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་། ཁོས་ཞོར་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་སྐུལ་སྤེལ་ཚོགས་པ་གཞན་པས་མི་ཚོགས་འདུས་སའི་སྡོད་ཁུལ་ནས་དབྱི་སི་རལ་གྱི་མི་སེར་འདུས་སྡོད་བྱེད་སར་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་དང་། བྱ་སྤྱོད་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་མངོན་གསལ་གྱིས་འགལ་ཡོད་ཟེར། 
        ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རང་ཚོད་འཛིན་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། སྔར་ལས་མང་བའི་མི་སེར་དཀྱུས་མར་ཤི་རྨས་བཟོ་བར་སྔོན་འགོག་བྱེད་པར་སྐུལ་མ་གཏོང་བའི་ཐད་འབད་འབུངས་བྱས་པར་གཟེངས་བསྟོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན། དེ་མིན་དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞི་དང་བཅས་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོགས་པོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཡུན་རིང་དང་དྲང་བདེན་གྱི་ཞི་བདེ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1