རྒྱལ་ཁབ་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མཚོ་སྔོན་དང་ཡུན་ནན་ལ་གནོད་སེལ་མ་དངུལ་སྒོར་ཁྲི1000རེ་སྔོན་གཏོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-25



          ཟླ5པའི་ཚེས21ཉིན་གྱི་ཆུ་ཚོད21དང་སྐར་མ48དང་། ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ4ཡི་སྟེང་དུ་ཡུན་ནན་ཏ་ལི་ཁུལ་ཡང་པི་རྫོང་དང་མཚོ་སྔོན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་སྔ་རྗེས་སུ་ས་ཡོམ་རིམ་པ6.4ཅན་དང7.4ཅན་བྱུང་བ་རེད། ཚེས22ཉིན་གྱི་ཆུ་ཚོད16པ་ཡི་བར་དུ་ཡུན་ནན་གྱི་ས་ཡོམ་ཁྲོད་དུ་མི3རྐྱེན་ལམ་དུ་ཤོར་ཞིང་། མི28ལ་རྨས་སྐྱོན་ཕོག་པ་དང་། མཚོ་སྔོན་རྨ་སྟོད་ཀྱི་ས་ཡོམ་ཁྲོད་དུ་ད་ལྟའི་བར་དུ་མི་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་གཅིག་ཀྱང་ཐོན་མེད་ལ་མི11ལ་རྨས་སྐྱོན་ཕོག་པ་དང་།  གནོད་འཚེའི་གནས་ཚུལ་བསྡོམས་རྩིས་བྱེད་བཞིན་ཡོད། 
          ས་ཡོམ་བྱུང་རྗེས་སུ། རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་མར་ཡུན་ནན་ཡང་པི་ཡི་ས་ཡོམ་གནོད་འཚེ་རིམ་པ་གསུམ་པའི་འཕྲལ་སྡོམ་བྱ་ཐབས་དང་། མཚོ་སྔོན་རྨ་སྟོད་ཀྱི་ས་ཡོམ་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་བྱ་ཐབས་ལག་བསྟར་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའི་ཡི་བཀོད་འདོམས་དཔོན་གཞོན་པ་དང་། འཕྲལ་སྡོམ་དོ་དམ་པུའི་ཡི་པུའུ་ཀྲང་ཧོང་མིང་འཕྲལ་མར་དཔུང་སྡེའི་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ཡུན་ནན་དང་མཚོ་སྔོན་གཉིས་ཀྱི་ས་ཡོམ་གྱི་གནོད་སེལ་རྒུད་སྐྱོབ་ལ་རྒྱུན་མཐུད་བཀོད་སྒྲིག་དང་མཛུབ་ཁྲིད་གནང་བ་དང་། འཚོལ་སྐྱོབ་དང་། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན། ཞོར་ཐོན་གནོད་འཚེ་སྔོན་འགོག གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་། འཕྲལ་སྡོམ་དོ་དམ་པུའུ་དང་ཀྲུང་གོ་ས་ཡོམ་ཅུས་ཀྱིས་ལས་དོན་ཚོ་ཆུང་གཉིས་ཡུན་ནན་དང་མཚོ་སྔོན་དུ་མངགས་ནས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ།
          ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གནོད་སེལ་མ་དངུལ་སྒོར་ཁྲི1000རེ་སྔོན་གཏོང་བྱས་ནས། ས་གནས་ཀྱིས་གོད་སེལ་རྒུད་སྐྱོབ་ལས་དོན་ཡག་པོ་བསྒྲུབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་ལེན་འོས་འཚམ་བྱས་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱས། འཕྲལ་སྡོམ་དོ་དམ་པུས་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཡུན་ནན་ས་ཡོམ་ཁུལ་དུ་རས་གུར5000དང་། མལ་ཁྲི་ཁྲི1དང་ ཉལ་གོས་ཁྲི2བཅས་སྤྲད་པ་དང་འབྲེལ་ས་གནས་ལ་གོ་རིམ་ལྡན་པའི་ངང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་ནས་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་བྱས། 
          ཚེས22ཉིན་གྱི་ཆུ་ཚོད16པའི་སྟེང་དུ། ཡུན་ནན་གྱིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་སྡེའི་རླངས་འཁོར143དང་། མི664ཡིས་འཚོལ་སྐྱོབ་ཁྱི་དང་འཚོལ་སྐྱོབ་སྒྲིག་ཆས33ཁྱེར་ནས་ཡོམ་ཁུལ་དུ་བསྐྱོད་དེ་རོགས་སྐྱོབ་བྱ་འགུལ11སྒྲིག་འཛུགས་བྱས་ནས་མང་ཚོགས17བསྐྱབས་པ་དང་། ཡོམ་ལྟེའི་ཉེ་འགྲམ་གྱི་ཞང་གྲོང་དུ་ཁྱོན་ཡོངས་ནས་ཞིབ་བཤེར་དང་གྲལ་བཤེར་བྱས་ཏེ་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་ཉེན་ཁ་སེལ་བར་འགན་ལེན་བྱས། མཚོ་སྔོན་གྱིས་རོགས་སྐྱོབ་རུ་ཁག་ཆེ་གྲས1དང་རོགས་སྐྱོབ་རུ་ཁག་ཆུང་བ3སྐོང་བསྡུ་བྱས་ཤིང་། བསྡོམས་པས་མེ་གསོད་རླངས་འཁོར70དང་བཀོད་འཐབ་པ296བཀོད་སྒྲིག་བྱས་པ་དང་། དུད་ཚང750ལྷག་ཙམ་ལ་གྲལ་བཤེར་བྱས་ནས་མང་ཚོགས3600ལྷག་ཙམ་བདེ་འཇགས་བཀོད་སྒྲིག་ས་ཆར་བསྐྱལ།  དེ་དང་ཆབས་ཅིག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཡོམ་ཁུལ་གྱི་བགྲོད་ལམ་དང་གློག་ཤུགས། འཕྲིན་གཏོང་། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་དུ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་འབྱུང་སླ་ཡུལ་སོགས་ལ་གྲལ་བཤེར་ཞིབ་བཤེར་བྱས་ནས་འབྱུང་སྲིད་པའི་བར་ཆད་འགོག་ཟོན་བྱ་རྒྱུའི་ཐད་ནས་བཀོད་སྒྲིག་བྱས། ཀྲུང་གོ་ས་ཡོམ་ཅུས་ཀྱིས་ཡུན་ནན་དང་སི་ཁྲོན་ས་ཡོམ་ཅུས་ཀྱི་ལས་དོན་རུ་ཁག་གི་མི57སྒྲིག་འཛུགས་བྱས་ཤིང་འཕྲལ་སྡོམ་སྒྲིག་ཆས་འཁྱེར་ནས་ཡོམ་ཁུལ་དུ་བསྐྱོད་དེ་སྐོར་སྐྱོད་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1