བར་སྐོར་སྒོ་ར་བྱང་ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱེད་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-25




     སྤྱི་ལོ་2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རེད། ལོ་ངོ་70ཡི་ལོ་རྒྱུས་འཕེལ་རིམ་ཁྲོད། བོད་ལྗོངས་དེ་ཉིད་མུན་ནག་ནས་འོད་ཟེར་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་རྒྱས་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་རེད།

     སྤྱི་ཚེས་24ཉིན་གྱི་དགོང་མོ། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་བརྩམས་ཆོས་ཏེ། གཏམ་བརྗོད་ཟློས་གར་བར་སྐོར་སྒོ་ར་བྱང་ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་པ་དང་། གཏམ་བརྗོད་ཟློས་གར་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཕུལ་བའི་ཕྱག་རྟགས་ཤིག་ཡིན་ཞིང་། ཐེངས་དང་པོར་པེ་ཅིང་དུ་སྤྱི་ཚེས་23ཉིན་དང་སྤྱི་ཚེས་24ཉིན་གྱི་དགོང་དྲོའི་ཆུ་ཚོད་7པའི་ཐོག་འཁྲབ་སྟོན་བྱེད་བཞིན་ཡོད།

     བར་སྐོར་སྒོ་ར་བྱང་ཞེས་པའི་བརྩམས་བྱ་དེ་ནི་ལོ་ངོ་300ཡི་གོང་བོད་སྡོད་ཨམ་བན་ཡ་མོན་ཡིན་པ་དང་། ཁྲོན་པ་གཅིག་དང་སྒོ་ར་གཅིག་གིས་མི་རབས་ནས་མི་རབས་བར་མི་རིགས་མང་པོའི་མི་སྣ་གསོ་སྐྱོང་བྱས་ཡོད་པ་དང་། ལོ་རབས་90པར་འདི་གར་མི་རིགས་རུབ་བསྡུས་མང་བའི་སྒོ་ར་ཆེན་པོ་ཞིག་ཏུ་གྱུར་ཡོད། བརྩམས་བྱ་འདིས་བར་སྐོར་རྒྱབ་ལྗོངས་སུ་བྱས་པ་དང་། ཁྲོན་པ་གཅིག་གི་ཆུ་མཉམ་འཐུང་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོའི་བརྗོད་བྱ་གཙོ་བོར་བཟུང་ནས། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཆི་མེད་དང་ཁོང་གི་བཟའ་ཟླ་ཚེ་རིང་སྒྲོལ་མ། བོད་སྐྱོར་དགེ་རྒན་ཡང་ཀྲི། ཡ་ཀུ་སོགས་ཀྱི་གཏམ་རྒྱུད་བརྗོད་ཡོད། མ་གཞི་ཁོང་ཚོའི་གཞིས་ཁུངས་དང་གཤིས་རྒྱུད་ཐད་མི་འདྲ་བ་ཆ་ཡོད་ནའང་། ཁོང་ཚོར་ཐུན་མོང་གི་གཞིས་ཁུངས་ཤིག་ཡོད་པ་ནི་སྒོ་ར་ཆེན་མོའི་གྲོང་མི་ཡིན་པ་དེ་རེད། སྒྲིག་འགལ་འཛུགས་སྐྲུན་བཤིག་པ་དང་། སྔར་གྱི་དབྱིབས་ལྟར་ཉམས་བཟོ་བྱེད་པ། གནས་སྤོ་སོགས་བྱེད་སྐབས་ཁྲོན་པ་གཅིག་གི་ཆུ་མཉམ་འཐུང་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་བཅངས་པའི་སྒོ་ར་ཆེན་མོའི་རིག་གནས་བཟུང་ནས། དུས་ངན་མཉམ་སེལ་དང་སོ་སྲུང་རོགས་རེས། ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ། གྲོང་ཁུལ་རྙིང་པར་སྐད་གྲགས་ཆོད་པའི་དཔེ་སྟོན་སྒོ་ར་ཞིག་ཏུ་གྱུར་ཡོད།


     གཏམ་བརྗོད་ཟློས་གར་དེའི་ནང་ཁྲོན་པ་གཅིག་གི་ཆུ་མཉམ་འཐུང་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོའི་བརྗོད་བྱ་གཙོ་བོ་དེ་ཡང་སྐོར་བསྐྱར་སྐོར་སྟོན་པ་དེ་ནི་བག་ཆགས་པ་དང་། དྲོ་སྐྱིད་ལྡན་པ། ཆེས་རྩ་ཆེ་བའི་མི་རིགས་ཀྱི་བརྩེ་སེམས་མངོན་པར་བྱས་ཡོད་ལ། ཀྲུང་གོའི་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དེ་བོད་དུ་ལེགས་འགྲུབ་ལྡན་པའི་ངང་ལག་བསྟར་ཐུབ་པ་བཅས་གསལ་འགྲེལ་བྱས་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བར་སྐོར་སྒོ་ར་བྱང་ཞེས་པ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་གཞུང་རྩོམ་མཁན་ཚེ་རིང་གཡུ་སྒྲོན་གྱིས་བརྩམས་གནང་བ་དང་། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་འཁྲིད་པ་ཉི་མ་གཡུ་སྒྲོན་གྱིས་འཁྲབ་ཁྲིད་གནང་བ་མ་ཟད། སྤྱི་ལོ་2018ལོར་ཐེངས་དང་པོར་འཁྲབ་སྟོན་བྱས་ཡོད། དེ་རྗེས། ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཚོགས་པའི་ཕུལ་བྱུང་གི་ན་གཞོན་འཁྲབ་འཁྲིད་པ་ཝུའུ་ཞུས་དང་ནང་སའི་ཕུལ་བྱུང་གི་གར་སྟེགས་མཛེས་བཟོའི་ཇུས་འགོད་དང་། གློག་སྒྲོན། རོལ་དབྱངས་ཇུས་འགོད་སོགས་གཏམ་བརྗོད་ཟློས་གར་ཚོགས་པ་དེའི་ནང་ཞུགས་ཡོད་པས། བརྩམས་ཆོས་ཧྲིལ་པོའི་མངོན་སྟངས་ཐད་ཕུན་སུམ་ཚོགས་སུ་ཕྱིན་ནས། སྤྱི་ལོ་2020ལོར་སླར་ཡང་བཟོ་བཅོས་དང་ལེགས་བཅོས་བྱས་རྗེས་རྣམ་པ་གསར་པའི་ཐོག་ནས་གཟིགས་མོ་བའི་སྤྱན་ལམ་དུ་ཕུལ་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1