བརྗིད་ཆགས་ཡིད་འོང་གི་ས་མཐོའི་རྣམ་པ་གསར་པ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-26



——བོད་ལྗོངས་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གླེང་ལས་སྐྱེ་ཁམས་འཛུགས་སྐྱོང་གི་ལེའུ།
འདི་ནི་བོད་ལྗོངས་གཏིང་སྐྱེས་རྫོང་ནས་པར་བླངས་པའི་འདམ་རའི་མཛེས་ལྗོངས་ཡིན་པ།
         བོད་ལྗོངས་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་དང་། འཛམ་གླིང་གི་ཡང་རྩེ། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག “སའི་གོ་ལའི་སྣེ་གསུམ་པའི”ལྟེ་བའི་ཁུལ་བཅས་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར་བོད་ཀྱི་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་པ། མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།
         རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱ་ཆེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། ས་མཐོའི་བུ་ཕྲུག་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི་མཐོ་ཚད་ཐོག་ནས་མུ་མཐུད་འབད་འཐབ་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
         ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པ།
         རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཁོར་ཡུག་སྲུང་སྐྱོང་གི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ངོས་ནས་བརྗོད་ན་དེ་བས་གལ་འགངས་ཆེ་བ་ཞིག་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཙུགས་ཏེ། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་དང་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་གཏིང་ཟབ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་རའི་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ལྟ་སྐུལ་དོ་དམ་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་30ལྷག་ཙམ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཁོར་ཡུག་གི་ཁྲིམས་ལུགས་མ་ལག་བཙུགས་པ་དང་རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་གཡས་གཞོགས་གཡོན་འདེགས་ཀྱང་བྱས་ཡོད།
         རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཡོད། འདི་ལོའི་ཟླ་1ཚེས་24ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར། 《བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲོལ་ཡིག》ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། སྲོལ་ཡིག་དེས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོ་དང་། མཚོ་བོད་ས་མཐོའི་དམིགས་བསལ་གྱི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་། “གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་ནགས་བཟོ་སྔོ་འགྱུར་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལ་གཏན་འབེབས་གསར་པ་བཟོས་པ་དེས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
         སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་པ།
         ལྷོ་ཁ་དང་གཞིས་རྩེའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་ནི་བོད་ཀྱི་བྱེ་རླུང་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
         ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལུང་ཤུར་དུ་ཆགས་ཤིང་། སྔོན་ཆད་ལོ་ལྟར་གྱི་དཔྱིད་དུས་དང་སྟོན་མཇུག་ལ་རྫོང་དུ་བྱེ་རླུང་འཚུབ་ཀྱི་ཡོད།
         2016ལོར་གྲ་ནང་རྫོང་གིས་མུའུ་ཁྲི་ཟིན་པའི་བོད་རྩྭའི་སོན་བཟང་འདེབས་འཛུགས་རྟེན་གཞི་བསྐྲུན་ཅིང་། ས་ཁྱོན་མུའུ་ཁྲི་1ཙམ་བཟུང་བའི་རྟེན་གཞི་དེ་ཚན་རྩལ་དབུལ་སྐྱོར་གྱི་རྩྭ་སོན་ཚན་ཞིབ་ཁུལ་དང་། ཚན་རྩལ་དབུལ་སྐྱོར་གྱི་རྩྭ་སོན་དཔེ་སྟོན་ཁུལ། སྐྱེ་ཁམས་སླར་གསོའི་དཔེ་སྟོན་ཁུལ་བཅས་སུ་དབྱེ་ཡོད། གཙོ་བོ་ལྗང་པ་དང་། བོད་སྨན། བོད་རྩྭ་སོགས་ཀྱི་ཚན་རྩལ་ཞིབ་འཇུག་དང་འདེབས་ཀྱི་ཡོད།
         གྲ་ནང་རྫོང་རྔ་སྒྲ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་དར་གྱིས་རྟེན་གཞི་དང་དཔེ་སྟོན་ཁུལ་མ་བསྐྲུན་གོང་དེ་གར་ཐང་རྒོད་ཡིན་པ་དང་ལོ་ལྟར་གྱི་ཟླ་གཉིས་པ་དང་གསུམ་པར་ལྷགས་པ་ཆེན་པོ་བརྒྱབ་ནས་གསལ་པོ་དེ་ཙམ་མཐོང་གི་མེད་པ་མ་ཟད། ཚབས་ཆེ་བའི་སྐབས་སུ་ད་དུང་ལམ་འགོག་དགོས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། རྟེན་གཞི་དང་དཔེ་སྟོན་ཁུལ་བསྐྲུན་རྗེས། ཤང་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་བྱེ་བཅོས་ཤུགས་ཆེན་བྱས་པ་བརྒྱུད། དེ་སྔའི་ཐང་རྒོད་ད་ཆ་གཡུ་ལོ་ཐགས་སུ་བཀྲ་བའི་སྔོ་ལྗང་གི་ཞིང་ཁམས་སུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
         ལོ་ངོ་70ཡི་རིང་བོད་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་མེད་པ་ནས་ཡོད་པའི་བར་གྱི་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་མཆོང་སྐྱོད་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཅས་བྱས་ནས། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཡོད།
         རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། མིག་སྔར་བོད་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ནགས་ཚལ་དང་། འདམ་ར། འཁྱག་རོམ། གངས་རི། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས། ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད།
         འབྱུང་འཕྲོད་འཕེལ་རྒྱས་བཏང་ནས་མཛེས་པའི་རི་ཀླུང་སྲུང་སྐྱོང་ཡག་པོ་བྱས་པ།
         “ལྷ་ཀླུ་འདམ་རས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་བྱེད་ཚད་ཏུན་ཁྲི་7.88ཟིན་པ་དང་གསོ་རླུང་ཏུན་ཁྲི་6མཁོ་འདོན་ཐུབ་ཀྱི་ཡོད”བོད་ཀྱིས་1995ལོ་ནས་བཟུང་འཛམ་གླིང་གི་ས་བབ་མཐོ་ཤོས་དང་རྒྱལ་ནང་དུ་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་སྐམ་སའི་དབུས་ཁུལ་གྱི་རང་བྱུང་འདམ་ར་སྟེ་ལྷ་ཀླུ་འདམ་རའི་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
         2013ལོར་བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་བྱེད་པ། སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གཏན་འཁེལ་བྱས་ནས་2030ལོར་སླེབས་སྐབས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་བཏོན་ཡོད།
         ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པའི་འགན་འཁྲི་ལྕི་པོ་རང་འགུལ་ངང་ཁུར་ཡོད། ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཇུས་འགོད་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་སྟེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གསར་སྤེལ་འཛུགས་སྐྲུན་གྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱས་པ་དང་། གཏེར་རྫས་ཐོན་ཁུངས་གསར་སྤེལ་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་བྱས་པ། བྱེ་གསེར་གཏེར་ཁ་སྔོག་འདོན་ཁྱོན་ཡོངས་ནས་གཏན་འགོག་བྱས་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། གཙོ་གནད་ཐོན་ཁུངས་གསར་སྤེལ་དང་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྐྱེ་ཁམས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་གསར་སྤེལ་འཛུགས་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་ཤོས་སུ་བཏང་ནས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དངོས་འབྲེལ་ཐུབ་ཡོད། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱས་ཏེ། མཐའ་ཚད་དང་དམར་ཐིག་ལ་བརྟེན་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱས་ཡོད།
         “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན” “འཕེལ་རྒྱས་འགོར་ཙམ་བྱུང་ཡང་སྐྱེ་ཁམས་ཁོར་ཡུག་བློས་གཏོང་རིན་དོད་དུ་བྱ་མི་རུང” གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་སྔ་ས་ནས་མི་སེམས་སུ་གཏིང་ཟབ་ཟུག་སྟེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།
         ད་ཆ་གངས་ལྗོངས་ཀྱི་ས་གཞི་ཆེན་པོར་རི་བོ་སྔོ་ལ་ཆུ་མོ་དྭངས་ཤིང་མཁའ་རླུང་གཙང་བ་དང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བཀྲག་མདངས་འཚེར་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་བསྐྲུན་ཟིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1