གླ་ཆ་ཆད་འགྱངས་ཕྱིར་ལེན་ཐབས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-27



 ༄༅།།གླ་ཆ་ཆད་འགྱངས་ཕྱིར་ལེན་ཐབས་བྱས།
     ཉེ་ཆར། སྨོན་གྲོང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་གྲོང་ཚོ་དེ་གའི་མང་ཚོགས་ལ་གླ་ཆ་ཆད་འགྱངས་སྒོར་ཁྲི་10ལྷག་ཙམ་བདེ་བླག་ངང་ཕྱིར་ལེན་རོགས་བྱས་པ་རེད།
     ལས་དོན་རུ་ཁག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་རིམ་ཁྲོད་ཤེས་རྟོགས་བྱུང་གསལ། 2020ལོར་ཝང་ག་གེ་མོས་ངོ་སྤྲོད་བྱས་པ་བརྟེན་སྨོན་གྲོང་གྲོང་ཚོའི་གྲོང་མི་13ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ཡུས་ལུང་ཟངས་གཏེར་དུ་ལས་ཀ་བྱེད་པར་ཕྱིན། ལས་ཀ་མཇུག་འགྲིལ་རྗེས། ཁྱོན་སྒོར་103500ཡི་གླ་ཆ་ཆད་འགྱངས་བྱས་པ་དང་གྲོང་མི་ཚོས་ཝང་ག་གེ་མོ་ལ་གླ་ཆ་ཐེངས་མང་བསླངས་ན་ཡང་འབྲས་མེད་དུ་གྱུར། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ལས་དོན་རུ་ཁག་གིས་རང་འགུལ་ངང་ཝང་ག་གེ་མོ་ལ་འབྲེལ་གཏུག་བྱས་ཏེ་བཅའ་ཁྲིམས་དང་གྱོད་དཔེ་སྒྲོག་འགྲེལ་བྱས་ཤིང་། དོན་དངོས་དང་གནས་ལུགས་གསལ་བཤད་བྱས་ཏེ་ཝང་ག་གེ་མོས་གླ་རྒྱག་ཞིང་པ་ཚོའི་གླ་ཆ་ཆད་འགྱངས་བྱས་པ་ལས་བྱུང་བའི་མཇུག་འབྲས་དང་ཤུགས་རྐྱེན་བཟོས་ཡོད་ཚུལ་སྐོར་ལ་སློབ་གསོ་ནན་ཏན་བྱས། ཝང་ག་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཐུབ་ནས་གླ་རྒྱག་ཞིང་པ་ཚོའི་གླ་ཆ་སྤྲོད་འདོད་ཡོད་ཚུལ་བསྟན་པ་མ་ཟད། མྱུར་དུ་ཡུལ་དངོས་ནས་སྒོར་95000སྤྲད་པ་དང་གླ་ཆ་ལྷག་མ་རྣམས་གང་མགྱོགས་སུ་སྤྲོད་རྒྱུ་ཡིན་པ་ཁས་བླངས། 
     ཟླ་4ཚེས་17ཉིན། གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས་ཆད་ཡིག་ཁྱེར་ནས་ལས་དོན་རུ་ཁག་ལ་ཡོང་། 2016ལོའི་ཟླ་10པར་ཧོ་ག་གེ་མོས་ངོ་སྤྲོད་བྱས་པ་བརྒྱུད། ཞུས་ག་གེ་མོའི་ལས་ཡུལ་དུ་རླངས་འཁོར་གཏོང་དགོས་བྱུང་ཡང་གླ་ཆ་སྒོར་6400ད་བར་རག་མ་བྱུང་ཟེར།  ལོ་ངོ་4ཡི་རིང་བཀྲ་ཤིས་དོན་གྲུབ་ཀྱིས་ཧོ་དང་ཞུས་ག་གེ་མོ་གཉིས་ལ་གླ་ཆ་ཐེངས་མང་བསླངས་ན་ཡང་ད་བར་ལེན་མ་ཐུབ་པས་ལས་དོན་རུ་ཁག་གིས་རོགས་བྱ་རྒྱུའི་རེ་བ་བཏོན། ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྗེས། མྱུར་དུ་ཧོ་ག་གེ་མོར་སྐད་བཏང་ནས་དོན་དེའི་བརྒྱུད་རིམ་ལ་རྒྱུས་ལོན་གསལ་པོ་བྱས་ཏེ། ཧོ་ག་གེ་མོ་ལ་གླ་པའི་གླ་ཆ་ཆད་འགྱངས་བྱས་པ་ལས་བྱུང་བའི་མཇུག་འབྲས་གསལ་བཤད་བྱས་པ་མ་ཟད། གླ་ཆ་ཆད་འགྱངས་བྱས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་། ཧོ་ག་གེ་མོས་ཡུལ་དངོས་ནས་ཉིན15ཡི་རྗེས་ནས་གླ་ཕོགས་སྟེར་བར་འཐད་པ་བྱུང་ཞིང་། ཟླ་5ཚེས་11ཉིན། ཧོ་ག་གེ་མོས་རང་འགུལ་གྱིས་ལས་དོན་རུ་ཁག་ལ་འབྲེལ་བ་བྱས་ཏེ། བཀྲ་ཤིས་དོན་གྲུབ་ལ་སྤྲོད་དགོས་པའི་གླ་ཆ་སྒོར་6400ལས་དོན་རུ་ཁག་གི་སྐད་འཕྲིན་ནང་བསྐུར། མཇུག་མཐར་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་མི་ཡོངས་ཡོད་ས་ནས་ལས་དོན་རུ་ཁག་གིས་གླ་ཆ་དེ་བཀྲ་ཤིས་དོན་གྲུབ་ལ་སྤྲད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1