ལི་ཁེ་ཆང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-27



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས24ཉིན་ནས25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲེ་ཅང་ཉིང་པོ་རུ་རྟོག་ཞིབ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྒྱུར་བཅོས་སྒོ་དབྱེར་སྔར་བས་སྐུལ་འདེད་གཏོང་བ། ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་སྟོབས་ཆེར་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། དཔལ་འབྱོར་བརྟན་པོ་དང་ལེགས་པར་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
        ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ནི་རྒྱལ་ནང་གི་ཕྱོགས་བསྡུས་ཚོང་ཟོག་དབོར་འདྲེན་རྟེན་གཞི་གཙོ་བོ་ཞིག་རེད། ལི་ཁེ་ཆང་གིས་གྲུ་ཁའི་ལས་གཉེར་དང་། ཕྱོགས་བསྡུས་ཚོང་ཟོག་གི་རིན་གོང་ཐད་མཁྱེན་རྟོགས་གནང་བ་རེད། ཁོང་གིས། འཛམ་གླིང་དཔལ་འབྱོར་གྱི་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཚོང་ཟོག་གི་རིན་གོང་འཕེལ་ཕྱོགས་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་། སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་ཁྲོམ་རར་མཉམ་འདྲེས་སྔར་བས་ལེགས་པ་ཐུབ་པ་བྱེད་པ། རང་མོས་འདྲ་མཉམ་ཉོ་ཚོང་ལེགས་པོ་གཉེར་བ། ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཕན་འབྲས་སྔར་བས་ཆེ་བའི་སྒོ་ནས་སྤྱོད་པ་བཅས་བྱ་དགོས། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་གནས་ཁུལ་གྱི་བཟང་ཆ་དང་མཁའ་ལམ་གྱི་བཟང་ཆ་སོགས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱབ་སྟངས་ལེགས་འགྱུར་གྱི་ལས་དོན་ལེགས་པོ་སྒྲུབ་རྒྱུར་དམ་འཛིན་བྱེད་པ། ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་ཕྱོགས་བསྡུས་ཚོང་ཟོག་ནང་འདྲེན་དང་། གསོག་ཉར། དབོར་འདྲེན། བརྗེ་ཚོང་བཅས་ལེགས་པོ་བྱེད་པ། འབྱུང་འགྱུར་འཛམ་གླིང་དཔལ་འབྱོར་གྱི་དུས་འཁོར་རང་བཞིན་གྱི་འཕར་ཆག་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བྱེད་ནུས་ལེགས་སུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
        གྲུ་ཁ་ཁུལ་གྱི་ཟོག་འདྲེན་ཁ་ལོ་བས། ཟོག་འདྲེན་ཆོག་འཐུས་ལག་འཁྱེར་ལོ་བཤེར་བྱེད་སྐབས་ཐེམ་ཐོ་གནས་ཡུལ་དུ་ལོག་དགོས་པས་ཧ་ཅང་སྟབས་བདེ་པོ་མི་འདུག་ཅེས་སྙན་གསེང་ཞུས་རྗེས། ལི་ཁེ་ཆང་གིས་འབྲེལ་ཡོད་ཚན་པས་ལུགས་མཐུན་གྱི་གོང་ཞུ་འདི་ལྟ་བུར་ལན་ཆ་བྱས་ནས། ལོ་ནང་དུ་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་དང་། ཁོང་ལ་ཕེབས་རོགས་ཞུ་མཁན་བློ་མཐུན་ཚོས་འཐབ་ས་དང་པོའི་བཟོ་པ་དང་། སྒེར་གྱི་ཚོང་དུད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བཅས་ཀྱི་བསམ་འཆར་ལ་མང་ཙམ་ཉན་འཇོག་བྱས་ནས། ཁོང་ཚོའི་དཀའ་གནད་སེལ་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཤེས་ལྡན་པའི་ཁྲོམ་རར། ལི་ཁེ་ཆང་གིས་ས་གནས་དེས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་རྗེས། བབ་བསྟུན་ལས་ཞུགས་བྱེད་མཁན་ཚོའི་གཞི་རྩའི་དབང་ཆར་འགན་སྲུང་བྱེད་ཐབས་ལ་ཁས་ལེན་གནང་བ་དང་། ལས་ཀ་འཚོལ་མཁན་ཚོས་ཀྱང་རྩལ་ནུས་སྦྱོང་བརྡར་ཧུར་ཐག་བྱ་རྒྱུའི་སྐུལ་ལྕགས་གནང་བ་མ་ཟད། ལས་ཀ་འཚོལ་མཁན་སློབ་ཆེན་སློབ་མ་ཚོར། སྲིད་གཞུང་གིས་ལས་ཞུགས་ཐད་སྟེགས་བུ་བསྐྲུན་ངེས་རེད། ཁྱེད་ཚོའི་ཁྲོད་ནས་མང་པོ་ཞིག་ལ་ད་དུང་བྱ་གཞག་གསར་གཏོད་བྱ་རྒྱུའི་འདུན་པ་ཡོད་སྲིད། ཁྱེད་ཚོས་དད་འདུན་ཆེན་པོས་གཉིས་གཏོད་སྟེགས་བུ་བརྒྱུད་བྱ་གཞག་ཆེན་པོ་གཏོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ལེ་ཀེ་ཀུང་སིར། ལི་ཁེ་ཆང་གིས་གསར་གཏོད་ཐོན་ལས་ལ་གཟིགས་སྐོར་གནང་བ་དང་། ཀུང་སིའི་ཡོ་རོབ་ཏུ་ཡོད་པའི་ལས་དོན་པར་བརྙན་མཐོང་བརྒྱུད་བྱམས་བརྩེའི་བཀའ་མོལ་གནང་ནས། ཁོང་ཚོས་འཛད་སྤྱོད་པས་དགའ་པོ་བྱེད་པའི་ཐོན་རྫས་གང་མང་གསར་གཏོད་བྱེད་པ་དང་། ཕྱི་རྒྱལ་གྱི་མཛོད་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། རྒྱལ་ནང་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་རྒྱུར་སྐུལ་ཁྲིད་ཐུབ་པ་བྱ་རྒྱུའི་སྐུལ་མ་གནང་ཡོད།
        ལི་ཁེ་ཆང་གིས་བཟོ་སྐྲུན་ཁེ་ལས་བཅུ་གྲངས་ཀྱི་འགན་ཁུར་བ་དང་བྱམས་བརྩེའི་བཀའ་མོལ་གནང་ནས། མ་རྒྱུའི་རིན་གོང་འགྱུར་ལྡོག་སོགས་ཀྱིས་ཁེ་ལས་ལ་ཐེབས་པའི་ཤུགས་རྐྱེན་ཐད་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཕྱོགས་བསྡུས་ཚོང་ཟོག་གི་རིན་གོང་འཕར་བ་དེས་བཟོ་སྐྲུན་ཁེ་ལས་འབྲིང་གྲས་དང་ཆེ་གྲས་ལ་གནོན་ཤུགས་ཆེན་པོ་བཟོ་བ་མ་ཟད། ད་དུང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་སྒེར་གྱི་ཚོང་དུད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ཁྲལ་འཕྲི་གྲོན་གཅོག་དང་ཀུན་ཕན་དངུལ་རྩ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱེད་པ་དང་། ཁྲོམ་ར་སྙོམས་སྒྲིག་ཐད་ཤུགས་སྣོན་རྒྱག་པ། རིན་གོང་འཕར་ཚུལ་དེ་ཁྲོམ་རའི་གཏིང་ཕྱོགས་སུ་ཁྱབ་རྒྱུ་ལྷོད་དུ་གཏོང་དགོས། ཁེ་ལས་ཀྱིས་མི་སྔོན་པའི་ནུས་པ་སྔོག་འདོན་དང་གསར་གཏོད་བྱ་རྒྱུར་མཐོང་ཆེན་གྱིས། མ་གནས་ཀྱི་ཁུར་པོ་ཡང་དུ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
        ཡིན་ཀྲའུ་ཁུལ་ཞབས་ཞུ་ལྟེ་གནས་སུ། ལི་ཁེ་ཆང་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་སྙན་གསེང་ཞུས་པར་གསན་པ་དང་ལས་དོན་སྒྲུབ་མཁན་མང་ཚོགས་དང་སྤེལ་རེས་གནང་ཡོད། ཁོང་གིས་ཁྲོམ་རའི་གཙོ་གཟུགས་ནི་གོང་འཕེལ་གྱི་རྨང་གཞི་ཡིན་པ་དང་གློད་སྡོམ་ཞབས་གསུམ་ལ་སྒྱུར་བཅོས་བྱེད་པ་ནི་ཁོང་ཚོའི་དཀའ་གནད་ཐག་གཅོད་བྱེད་པ་ཞིག་ཡིན་པས་ལས་སྒྲུབ་བྱེད་སྐབས་ཐེངས་གཅིག་རང་ཐག་གཅོད་ཐུབ་པ་བྱེད་དགོས་པ་མ་ཟད། ཆ་འཕྲིན་མཉམ་སྤྱོད་བྱེད་པ་བརྒྱུད་རྒྱུན་སྲོལ་ཆ་འཕྲིན་ཐེངས་གཅིག་ལས་སྙན་གསེང་ཞུ་མི་དགོས་པ་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སྒྱུར་བྱས་ནས་ཁེ་ལས་ཀྱིས་མང་ཚོགས་ལ་བྱ་དོན་སྒྲུབ་རྒྱུར་སྟབས་བདེ་སྔར་ལས་ལྷག་པ་སྐྲུན་པ་དང་། ཁྲོམ་རའི་འགྲན་རྩོད་སྔར་བས་གཞུང་དྲང་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        ལི་ཁེ་ཆང་གིས་ཀྲེ་ཅང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་གནང་བའི་འོག གསར་གཏོད་གསར་སྐྲུན་དང་གཞན་གྱི་སྔོན་ལ་སྐྱོད་ཕོད་པ་བྱས་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1