མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མིས་ཤུགས་ཆེན་པོས་སི་རི་ཡཱའི་ཉམས་ཉེན་སྔ་མོ་ནས་མཇུག་སྒྲིལ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-28



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཚེས་ཉེར་དྲུག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་ཆབ་སྲིད་མི་ཆོས་གནད་དོན་གྱི་བརྙན་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཁྱད་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཤུགས་ཆེན་པོས་སི་རི་ཡཱའི་ཉམས་ཉེན་སྔ་མོ་ནས་མཇུག་སྒྲིལ་བར་སྐུལ་འདེད་བཏང་སྟེ། སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 
        ཀྲང་ཅོན་གྱིས་བཤད་རྒྱུར། ཤུགས་ཆེན་པོས་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་མུ་མཐུད་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། སི་རི་ཡཱའི་ཕྱོགས་ཁག་སོ་སོས་ཆེད་མངག་ཕོ་ཉ་དང་འབྲེལ་འདྲིས་བྱས་ཏེ། ད་ཡོད་ཀྱི་ཐུན་མོང་ལྟ་ཚུལ་གྱི་རྨང་གཞིའི་སྟེང་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡཱའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་འབྲེལ་ཡོད་བྱ་འགུལ་དོ་སྣང་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་བདག་དབང་དང་སི་རི་ཡཱའི་མི་དམངས་ཀྱི་གདམ་གསེས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་། 
        ཀྲང་ཅོན་གྱིས་བཤད་རྒྱུར། རྒྱུན་ཆད་མེད་པར་སི་རི་ཡའི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་དགོས། སི་རི་ཡཱའི་ནུབ་བྱང་ཕྱོགས་དང་བྱང་ཤར་ཕྱོགས་ཀྱི་བདེ་འཇགས་གནས་བབ་ཉེ་སྔོན་ཟང་ཟིང་དུ་གྱུར་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་ནས། སི་རི་ཡཱའི་མངའ་ཁོངས་ཀྱི་ཁྲིམས་འགལ་བཙན་འཛུལ་དང་བཙན་བཟུང་། འཇབ་རྒོལ་བཅས་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ཐོག་མཉམ་ལས་དམ་པོ་བྱས་ནས། མཉམ་དུ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་དགོས་ཟེར། 
        ཀྲང་ཅོན་གྱིས་བཤད་རྒྱུར། སི་རི་ཡཱའི་དཔལ་འབྱོར་དང་མི་ཆོས། བསྐྱར་འཛུགས་བཅས་ཁྱབ་ཁོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས། སི་རི་ཡཱ་རྒྱལ་ཁབ་དེ་རིམས་ནད་དང་འབྲུ་རིགས་བདེ་འཇགས། དངུལ་ལོར་མཛའ་ཐང་ཆག་པ། རྡོ་སྣུམ་དཀོན་པ། རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་འབྲུ་རིགས་དང་འགོག་སྨན། སྨན་བཅོས་མཁོ་དངོས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་དམངས་བཀོལ་སྒྲིག་ཆས་ཀྱི་ཐེ་གཏོགས་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར།
        ཀྲང་ཅོན་གྱིས་བཤད་རྒྱུར། སི་རི་ཡཱའི་མི་ཆོས་རྒུད་སྐྱོབ་འགུལ་སྐྱོད་ཀྱི་བརྒྱུད་རིམ་མངོན་གསལ་ཡོང་བ་དང་ཆབ་སྲིད་ཅན་དུ་མི་བསྒྱུར་བར་འགན་སྲུང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁོངས་བརྒལ་ནས་མི་ཆོས་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་ན་ངེས་པར་དུ་ལྟ་ཞིབ་ནན་མོ་བྱས་ཏེ། མི་ཆོས་རྒུད་སྐྱོབ་མ་ཡིན་པའི་དངོས་རྫས་གང་རུང་སི་རི་ཡཱའི་མངའ་ཁོངས་སུ་སྐྱེལ་བ་གཏན་འགོག་བྱེད་དགོས་ལ། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་དང་། སི་རི་ཡཱའི་སྲིད་གཞུང་གི་ནུས་པ་འདོན་པར་བརྩི་འཇོག་བྱེད་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1