བོད་རིགས་གཞོན་ནུ་བདུན་ལ་ཚོན་རིས་བཟོ་གྲྭ་གཉེར་བའི་སྨོན་འདུན་འགྲུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-28




བོད་རིགས་གཞོན་ནུ་བདུན་ལ་ཚོན་རིས་བཟོ་གྲྭ་གཉེར་བའི་སྨོན་འདུན་འགྲུབ།

ཆོས་འཕེལ་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཚོན་རིས་གསར་རྩོམ་བྱེད་བཞིན་པ།

བོད་རིགས་གཞོན་ནུ་བདུན་ལ་ཚོན་རིས་བཟོ་གྲྭ་གཉེར་བའི་སྨོན་འདུན་འགྲུབ།

ཚོན་རིས་སློབ་སྦྱོང་བྱས་རྗེས། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་རོགས་སྐྱོར་འོག་ཆོས་འཕེལ་དང་གྲོགས་པོ་ཚོས་ཆོས་འཕེལ་རིག་སྐྲུན་ལས་སྒྲུབ་ཁང་བཙུགས་པ་རེད།


རང་ལོ་ཉི་ཤུའི་ན་ལ་སོན་པའི་ཚེ།། འཛིན་གྲྭར་ཞུགས་ནས་སྦྱངས་འབྲས་བརྩོན་ལེན་བྱས།།

ད་ལོར་ལོ་ན22ལ་སོན་པའི་ཆོས་འཕེལ་ནི་རྟའུ་རྫོང་གཡུ་མཁར་གྲོང་རྡལ་གྱི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་འཚོ་བ་རོལ་བཞིན་ཡོད་པ་རེད། ཁོའི་ཁྱིམ་རྒྱུད་ནི་མི་རབས་ནས་མི་རབས་བར་འབྲོག་སྡེ་འདི་ག་ནས་འཚོ་གནས་བྱས་ཤིང་། ཨ་ཕ་རིག་འཛིན་ནི་ཐང་ག་འབྲི་མཁན་གྱི་ལྷ་བཟོ་ཞིག་ཡིན་ལ། ཨ་མ་ནི་དབྱར་རྩྭ་དང་སྨན་རྩྭ་བརྐོས་ནས་ཁྱིམ་གྱི་འཚོ་བར་སྐྱོང་མཁན་ཞིག་ཡིན། ཕ་མ་གཉིས་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་ཆོས་འཕེལ་ཆེས་ཆེ་བ་དེ་ཡིན་ཞིང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་གྲྭར་ཞུགས་ནས་སྦྱངས་བརྩོན་དོན་དུ་གཉེར་བའི་གོ་སྐབས་ཤོར་བ་རེད།

གསར་འགོད་པས་སློབ་གྲྭའི་སྒོ་ཐེམ་བགོམས་མི་མྱོང་མཁན་ཞིག་གིས་རྒྱའི་སྤྱི་སྐད་ཐོགས་པ་མེད་པར་བརྗོད་པའི་རྣམ་པ་མཐོང་དུས་རང་ཉིད་ཀྱིས་ཀྱང་ཡིད་ཆེས་དཀའ་བར་གྱུར། མ་གཞི་དེ་ནི་དོན་དངོས་ཤིག་རེད་འདུག ཆོས་འཕེལ་ལ་ཁྱོད་ཀྱིས་རྒྱའི་སྤྱི་སྐད་གང་ནས་སྦྱངས་པ་ཡིན་ཞེས་དྲིས་ཚེ། ཁོ་བགད་ཞོར་དུ་ངས་བརྙན་འཕྲིན་ལ་བལྟས་ནས་རྒྱའི་སྐད་ཡིག་སྦྱངས་པ་ཡིན། ངའི་རྒྱ་ཡིག་དགེ་རྒན་ནི་བརྙན་འཕྲིན་རེད་ཅེས་བཤད། མ་གཞི་ཁོས་བརྙན་འཕྲིན་ལས་རྒྱ་ཡིག་རྒྱ་སྐད་སྦྱངས་པ་ཡིན་ཞིང་། རྒྱ་ཡིག་གི་ནང་དོན་མི་གོ་བ་དང་འཕྲད་ཚེ་ཕ་རྒན་ལགས་ཀྱིས་ཉོས་པའི་ཚིག་མཛོད་ལ་བལྟས་ནས་སྦྱངས་དང་སྦྱོང་བཞིན་ཡོད་པ་རེད། ནང་ལོགས་སོགས་རྒྱལ་ཁམས་སུ་འགྲིམས་ནས་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་ཐུབ་རྒྱུ་ནི་ཁོའི་དམིགས་ཡུལ་ཉག་གཅིག་ཡིན་ཞིང་། 2016ལོར་ལོ་ན17ལ་སོན་པའི་ཆོས་འཕེལ་གཅིག་པུ་ཁྲེང་ཏུའུ་རུ་ཕྱིན་ནས་ཞབས་ཞུའི་ལས་རིགས་སོགས་ནས་གླ་པ་བྱས་ཡོད། ཁོའི་ཨ་ཕ་རིན་ཆེན་གྱིས་གསར་འགོད་པར“སྐབས་དེའི་དུས་ང་ཚོས་ཁོ་སྡུག་མི་ལྕོགས་ནས་མགྱོགས་པར་ཁྱིམ་དུ་ལོག་ཐག་ཆོད་ཡིན་བསམས་མྱོང་། ཅི་ཕྱིར་ན་ཁོ་སློབ་གྲྭར་ཞུགས་ནས་ཡི་གེ་སྦྱངས་མ་མྱོང་ལ། ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པས་ངས་སེམས་ཁྲལ་ཆེན་པོ་བྱས་པ་ཡིན”ཅེས་བཤད། འོན་ཀྱང་ཆོས་འཕེལ་ཁྲེང་ཏུའུ་རུ་འཇིམ་བརྙན་བཟོ་གྲྭ་ཞིག་ཏུ་ལས་ཀ་རྙེད་ནས་ཟླ་རེར་གླ་ཕོགས་སྒོར3000ཙམ་ཐོབ་ཀྱིན་ཡོད། ཁོས་དངུལ་གྲོན་ཆུང་བྱ་ཆེད་གྲོང་འདབས་སུ་ཁང་པ་གོང་བདེ་ཞིག་གླས་ནས་བསྡད། ཁོས་བཤད་རྒྱུར“ཁྲེང་ཏུའུ་རུ་སླེབས་སྐབས་གཏིང་ལམ་དུ་བསྡད་རྒྱུ་དེ་ང་ལ་མཚོན་ན་ཧ་ཅང་དཀའ་བའི་བྱ་བ་ཞིག་རེད། ལས་རོགས་ཚོས་ང་ཁྲིད་ནས་ཐེངས་མང་བསྡད་རྗེས་གཞི་ནས་གཏིང་ལམ་དུ་བསྡད་དེ་ཡར་འགྲོ་མར་འགྲོ་བྱེད་ཐུབ་པ་ཙམ་བྱུང”ཞེས་བཤད།

སྤྱི་ལོ2019ལོར་ཆོས་འཕེལ་ཕ་ཡུལ་དུ་ལོག་སྐབས། སྲིད་གཞུང་གིས་སློབ་ལོར་མ་སོན་པའི་སློབ་མའི་ཁ་གསབ་སློབ་གསོའི་སློབ་ཁྲིད་འཛིན་གྲྭ་ཞིག་འཛུགས་རྒྱུ་ཡིན་པ་ཤེས། ཁོའི་སེམས་སུ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ཚེ་ཤེས་བྱ་ཏོག་ཙམ་སྦྱོང་ཐུབ་ཀྱི་རེད་སྙམ་པའི་ཆོད་སེམས་བཅངས་ནས། རྟའུ་རྫོང་མཁར་དུ་ཕྱིན་ནས་སྐབས་དེར་གཉེར་བའི་ཁ་གསབ་སློབ་གསོ་འཛིན་གྲྭར་མིང་ཐོ་བཀོད་ནས་འཛིན་གྲྭར་ཞུགས། སློབ་སྦྱོང་གི་གོ་སྐབས་འཐུས་ཤོར་དུ་མ་བཏང་བར་སྦྱངས་བྱ་ཀུན་ལ་བརྩོན་པ་ལྷུར་ལེན་བྱས་མཐར། སྐབས་དེ་ནས་ཆོས་འཕེལ་གྱི་མི་ཚེ་ལ་མདུན་ལམ་གསར་པ་ཞིག་གི་སྒོ་ཆེན་ཡངས་པོ་ཀུན་ནས་ཕྱེ་བ་རེད།

བོད་རིགས་གཞོན་ནུ་དྲུག་ཅུ་རེ་ལྔ་ལ།། ཚོན་ལྡན་མཛེས་རྩལ་སྦྱོང་བའི་གོ་སྐབས་ཐོབ།།

དཀར་མཛེས་ཁུལ་དུ་ཆོས་འཕེལ་དང་ལས་དབང་མཚུངས་པའི་ན་ཆུང་གཞོན་ནུ་ཚན་པ་གཅིག་འདི་ལྟར་སློབ་ལོ་རན་པའི་ན་ཆུང་གི་གོ་སྐབས་ཤོར་བའི་འཚོ་བ་སྐྱེལ་བཞིན་ཡོད། ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་རང་གི་ལོ16ཡན་གྱི་བོད་རིགས་གཞོན་ནུ་ཚན་པ་གཅིག་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་གྲྭར་ཞུགས་ནས་སློབ་གསོ་དང་ལེན་བྱས་པའི་གོ་སྐབས་ཤོར་བས། རིག་གནས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྲལ་བ་རེད། ཁོ་ཚོས་འོས་འགན་སློབ་གསོའི་ལོ་ཚད་ཤོར་བས་སྲིད་གཞུང་གིས་སློབ་གསོའི་སློབ་ཁྲིད་འཛིན་གྲྭ་དེ་འདྲ་གཉེར་ནས་ན་གཞོན་འདི་དག་ལ་སློབ་ཁང་དུ་ཕྱིན་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་བཞིན་ཡོད་པ་རེད།

ཆུང་དུས་ནས་རྫི་བོའི་ལས་དབང་མ་གཏོགས་ཐོབ་མ་མྱོང་མཁན་ནོར་བུ་བཟང་པོ་དང་། ཆུང་དུས་ནས་ཡ་ཁྱིམ་ཞིག་ནས་འཚར་ལོངས་བྱུང་བའི་གུ་རུ་རྒྱལ་མཚན། ཁྱིམ་ཚང་དབུལ་པོ་ཞིག་ནས་སྐྱེས་པའི་བསམ་འཕེལ་སོགས་གཞོན་ནུ་ཚན་པ་ཞིག་སློབ་ཁྲིད་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་ནའང་། སློབ་ཁྲིད་འཛིན་གྲྭ་མཇུག་བསྒྲིལ་རྗེས་སློབ་མ་ཚོར་ཆེད་ལས་ལག་རྩལ་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མ་སོང་བས་སྔར་བཞིན་ལས་གནས་བརྟན་པོར་མེད་པར་གྱུར།

2019ལོའི་སྤྱི་ཟླ་བརྒྱད་པར་ཞིང་ཆེན་ཁྲིམས་འཛིན་ཐིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བར་མཉམ་ལས་གྲོས་མཐུན་བཞག་སྟེ་བཅའ་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་བརྟན་ལྷིང་འགན་ལེན་གྱི་བྱ་སྤྱོད་དང་བཅའ་ཁྲིམས་ཞབས་ཞུའི་ཡོངས་ཕན་བྱ་སྤྱོད་དང་། ཡུལ་གྲོང་དར་རྒྱས་ཀྱི་ཁྲིམས་སྐྱོང་བྱ་སྤྱོད། ཁྲིམས་འཛིན་དབུལ་སྐྱོར་གྱི་ལས་ཞུགས་བྱ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། སློབ་ཞུགས་ཀྱི་གོ་སྐབས་ཤོར་བའི་བོད་རིགས་གཞོན་ནུ་རྣམས་ལ་དམིགས་ནས་ཁུལ་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཉམ་འབྲེལ་བྱས་ནས་ཚོན་ལྡན་མཛེས་རྩལ་སྦྱངས་ནས་དབུལ་སྐྱོར་བྱེད་མགོ་བཙུགས་པ་རེད། ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། སྒྲིག་གཞི་བསྒྱུར་བཅོས་བྱས་རྗེས་བསྐྱར་དུ་སྒྲིག་འཛུགས་བྱས་པའི་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ལས་ཀའི་མཐའ་མཚམས་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཁྱབ་ཁོངས་ཧྲིལ་པོར་རྒྱ་བསྐྱེད་བཏང་བ་དང་། ཚོན་ལྡན་མཛེས་རྩལ་དངོས་སྦྱོང་འཛིན་གྲྭ་གཉེར་བའི་དབུལ་སྐྱོར་བྱེད་ཐབས་ནི་ཁུལ་དང་ཐིང་གི་མཉམ་ལས་ལས་གཞི་ཞིག་ཡིན་པར་བརྟེན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འགན་ནུས་ཀྱི་ལེགས་ཆ་གཅིག་བསྡུད་དང་འདོན་སྤེལ་གང་ལེགས་བྱས་ཏེ་དཀར་མཛེས་ཁུལ་གྱིས་ཁྲིམས་ལྟར་རྒྱུན་རྣམ་ཅན་བཅོས་སྐྱོང་བྱས་པར་རིག་སྟོབས་ཀྱི་བྱས་རྗེས་ཕུལ་བ་རེད།

རྫོང་སྲིད་གཞུང་གིས་བཙུགས་པའི་ཁ་གསབ་སློབ་གསོའི་སློབ་ཁྲིད་འཛིན་གྲྭ་མཇུག་རྫོགས་རྗེས་བོད་རིགས་གཞོན་ནུ65འདི་ཁུལ་དང་ཞིང་ཆེན་རིམ་པས་མཉམ་འབྲེལ་བྱས་ནས་སྒྲུབ་གཉེར་བྱས་པའི་ཚོན་ལྡན་མཛེས་རྩལ་དངོས་སྦྱོང་འཛིན་གྲྭར་ཞུགས་རྒྱུའི་གོ་སྐབས་ཐོབ་ནས། ཚོན་ལྡན་མཛེས་རྩལ་འཛིན་གྲྭའི་སྐབས་དང་པོའི་སློབ་མར་གྱུར་པ་རེད། ཆོས་འཕེལ་གྱིས “ཚོན་བྲིས་འཛིན་གྲྭ་དེ་ནས་དངོས་སྦྱོང་བྱེད་རིང་འགྲོ་གྲོན་གང་ཡང་མི་དགོས་པར་མ་ཟད། སྡོད་ཁང་དང་ཟས་རིན་ཡང་སྐར་གང་སྤྲད་མི་དགོས། ངས་ཅིང་ཅུས་ཟློས་གར་གྱི་ངོ་གདོང་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། ང་ཚོས་ཟླ་བ་དང་པོ་དེར་རི་མོ་འབྲི་བའི་རྨང་གཞིའི་ལག་རྩལ་སྦྱངས་པ་ཡིན། ཟླ་བ་གཉིས་པ་ནས་བཟུང་ཐོན་རྫས་ཀྱི་སྤུས་ཚད་ལ་གཞིགས་ནས་གླ་ཆ་ལེན་རྒྱུ་ཡོད། ཚོན་བྲིས་འཛིན་གྲྭ་ནས་དངོས་སྦྱོང་བྱེད་རིང་ངས་ཟླ་རེར་ཡོང་འབབ་སྒོར500ལྷག་ཙམ་རག་གིན་ཡོད”ཅེས་བཤད།

ལག་རྩལ་སྤྱོད་སའི་ལས་གནས་སྒྲུབ་གཉེར་བྱེད།། ལས་ལམ་གཏོད་པའི་ལམ་བུར་བརྩོན་ལེན་བྱས།།

2020ལོའི་སྤྱི་ཟླ6པའི་ཚེས18ཉིན་དངོས་སྦྱོང་འཛིན་གྲྭའི་སློབ་མ་སྐབས་དང་པོ་བདེ་བླག་ངང་སློབ་མཐར་ཕྱིན་པ་རེད། ཆོས་འཕེལ་གྱིས་སློབ་མཐར་མ་ཕྱིན་སྔོན་ང་ཚོས་མ་འོངས་པའི་འགྲོ་ཕྱོགས་ལ་གྲོས་བསྡུར་བྱེད་མྱོང་ཞིང་། ལ་ལས་ཧྲང་ཧའེ་དང་ཧྲེང་ཀྲེང་ལ་གླ་པ་བྱེད་དུ་འགྲོ་འདོད་ཡོད་པ་དང་། ལ་ལས་ཕ་ཡུལ་དུ་ལས་ཀ་འཚོལ་བར་འགྲོ་འདོད་ཡོད་པ་རེད། ང་ནི་རང་ཉིད་ཀྱིས་ལས་ལམ་གསར་གཏོད་བྱས་ནས་ལས་སྒྲུབ་ཁང་འཛུགས་རྒྱུའི་བསམ་བློ་འཁོར་བྱུང་ཅེས་བཤད།

ཆོས་འཕེལ་གྱི་བསམ་ཚུལ་ལ་སློབ་གྲོགས་གཞན་དྲུག་གིས་འདོད་མཐུན་བྱུང་ནས་སློབ་གྲོགས་བདུན་པོས་མཉམ་འབྲེལ་གྱིས་ལས་ལམ་གསར་གཏོད་ལ་ཞུགས་རྒྱུའི་གྲོས་འཆམས་བྱུང་བ་རེད། འཛིན་བདག་ཧོ་ཞའོ་ཅན་གྱིས་ངོ་སྤྲོད་བྱས་དོན། ཁོ་ཚོར་ལས་ལམ་གསར་གཏོད་ཀྱི་ཕུགས་འདུན་ཡོད་པ་ཤེས་རྗེས་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་ཐག་བཅད་པ་ཡིན། སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་མགོ་ཚུགས་མ་དངུལ་སྒོར་ཁྲི25རོགས་སྐྱོར་བྱེད་པར་མ་ཟད། ལས་ལམ་གསར་གཏོད་དུས་ཀྱི་ཐོན་རྫས་ཚང་མ་ཕྱིར་ཉོ་བྱས་པ་དང་ཆབས་ཅིག བཟོ་རྩལ་དང་ལག་རྩལ་གྱི་རྐང་འཛིན་ལག་རྩལ་པས་མཛུབ་ཁྲིད་བྱེད་པར་བཏང་བ་རེད། ལས་ལམ་གསར་གཏོད་སྐབས་སུ་ལས་བཟོའི་སློབ་མའི་གླ་ཕོགས་ཆ་སྙོམས་ཟླ་རེར་སྒོར2000ཡན་ཆད་ཐོབ་ཐུབ་བྱས་པ་རེད།

2020ལོའི་སྤྱི་ཟླ12པ་ཆོས་འཕེལ་རིག་སྐྲུན་ལས་སྒྲུབ་ཁང་གིས་དངོས་སུ་ཐོན་སྐྱེད་བྱེད་མགོ་བཙུགས་པ་རེད།

ཆོས་འཕེལ་གྱིས་ང་ཚོས་ཐོན་སྐྱེད་གསར་གཏོད་ལ་དུས་རིམ་གསུམ་ཕྱེ་ཞིང་། དུས་རིམ་དང་པོ་ནི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་རོགས་སྐྱོར་ལ་བརྟེན་ནས་ཚོང་ཟོག་མངགས་ཐོ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་དང་། སྟབས་བདེའི་ཚོན་རིས་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་ཡིན་པ་རེད། དུས་རིམ་གཉིས་པ་ནི་རྟའུ་རྫོང་གི་ཁྱད་ཆོས་རིག་གནས་ཐོན་ལས་དང་མཉམ་ལས་བྱས་ནས། དེང་རབས་ཀྱི་ཚོན་རིས་བཟོ་རྩལ་དང་ས་གནས་དེ་གའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོན་རྫས་ཀྱི་རིམ་པ་སྔར་བས་མཐོ་རུ་དང་ཐོན་རྫས་རིགས་རྒྱ་ཆེ་རུ་གཏང་རྒྱུ་ཡིན་པ་རེད། དུས་རིམ་གསུམ་པ་ནི་ཐོན་རྫས་ཁག་དབྱེ་ནས་ཐུམ་རྒྱག་ཐོན་སྐྱེད་བྱེད་པ་དང་། ང་ཚོས་ལག་རྩལ་དང་རྒྱུ་ཆ་མཁོ་འདོན་བྱེད་པ། དུས་བཀག་ལྟར་ཐོན་རྫས་ཚུར་བསྡུ་བྱེད་པ། གཞོན་ནུ་དེ་བས་མང་པོར་ལས་ལམ་གསར་གཏོད་ཀྱི་གོ་སྐབས་སྤྲད་པ། ཁྱིམ་དུ་སྡོད་པའི་བུད་མེད་དེ་བས་མང་པོར་ཡོང་འབབ་རག་ཐབས་བྱེད་པ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཉེ་ཆར། ལས་སྒྲུབ་ཁང་གིས་རྟའུ་རྫོང་གི་ཞལ་འབག་ཐོན་རྫས་གསར་སྤེལ་སྤྱི་གཉེར་ཁང་ཞིག་དང་མཉམ་འབྲེལ་བྱས་ཤིང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཕྱོགས་གཉིས་པོས་རིག་གནས་ཐོན་རྫས་རིགས30ལྷག་ཙམ་མཉམ་དུ་གསར་བསྐྲུན་བྱ་རྒྱུ་ཡིན་པ་རེད།

དཀར་མཛེས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། དབུལ་སྐྱོར་ཚོན་ལྡན་མཛེས་རྩལ་དངོས་སྦྱོང་འཛིན་གྲྭ་གཉེར་བ་དང་རིག་གནས་གསར་གཏོད་ལས་སྒྲུབ་ཁང་བཙུགས་པ་ནི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་རེད། འདི་འདྲའི་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་ནས་དཀར་མཛེས་གྱི་ཁྱད་ཆོས་རིག་གནས་ཐོན་ལས་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་མཉམ་འདྲེས་མཉམ་སྐྱོད་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་བྱས་ཏེ། རིག་གནས་ཐོན་རྫས་གསར་གཏོད་བྱ་རྒྱུ་དེ་དཀར་མཛེས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་གྱི་ཁྱད་ཆོས་སྤུས་རྟགས་སུ་འགྱུར་བ་དང་། དབུར་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་ཡུལ་དར་སྤེལ་སོགས་ཀྱི་བྱ་གཞག་ལ་རྨང་གཞི་བརྟན་པོར་བཏིང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1