གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༣༡ཉིན།

ནེ་ཀྲི་རི་ཡཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་བ་ལས་མི་དོན་དྲུག་རྐྱེན་ལམ་དུ་ཤོར།


        ཞིན་ཧྭ་གསར་འགྱུར་ཁང་གིགློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ས་གནས་སྲིད་གཞུང་གིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་སུ་ཚེས་ཉེར་དྲུག་ཉིན་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དོན་དྲུག་ལ་འཕར་བ་དང་། གཞན་ཡང་མི་ཉི་ཤུ་ལྷག་གི་སྲོག་བསྐྱབས། 
        ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པུས་མངའ་སྡེའི་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་མངའ་སྡེ་ནས་ཁའེ་པུས་མངའ་སྡེ་རུ་བགྲོད་པའི་གྲུ་གཟིངས་ཤིག་ཚེས་ཉེར་དྲུག་ཉིན་ནེ་ཀྲིར་ཆུ་བོའི་སྟེང་ཆུ་བོའི་ནང་ནུབ། མིག་སྔར་རྒུད་སྐྱོབ་མི་སྣས་མི་ཉི་ཤུ་ལྷག་བསྐྱབས་པ་དང་། བེམ་པོ་དོན་དྲུག་ཆུ་ཁར་བླངས། མངའ་སྡེ་དེའི་དཔོན་པོ་པཱ་ཀུའུ་ཏུའུ་ཡིས་མང་ཚོགས་དག་གྲུ་གཟིངས་ལ་བསྡད་དེ་འགྲོ་སྐབས་ཆུ་ཐོག་གི་འགྲིམ་འགྲུལ་བདེ་འཇགས་སྒྲིག་ལམ་བརྩི་སྲུང་བྱས་ནས། ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་པའི་ཉེན་ཁའི་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱུས་ལོན་བྱུང་བ་ལྟར་ན། གྲུ་གཟིངས་དེར་མི་བརྒྱ་དང་ལྔ་བཅུ་དྲུད་ཡོད་པ་དང་། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། 
        ནེ་ཀྲི་རི་ཡཱའི་ས་གནས་དཔོན་རིགས་ཀྱིས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ནི་གྲུ་གཟིངས་ཀྱི་ཐེག་ཚད་ལས་བརྒལ་བའི་དབང་གིས་བྱུང་བ་རེད་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1