ལི་ཁེ་ཆང་སྐབས་གཉིས་པའི་འཛམ་གླིང་འབྱུང་འཕྲོད་དམིགས་འབེན་རོགས་ཟླའི2030ལོའི་དབུ་ཚོགས་ལ་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-01



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས30ཉིན་བརྙན་མཐོང་རྣམ་པའི་ཐོག་ནས་སྐབས་གཉིས་པའི་འཛམ་གླིང་འབྱུང་འཕྲོད་དམིགས་འབེན་རོགས་ཟླའི2030ལོའི་དབུ་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་གནང་བ་རེད།
        ལི་ཁེ་ཆང་གིས། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་འགོས་ཁྱབ་འགྲོ་བ་དང་། འཛམ་གླིང་དཔལ་འབྱོར་གྱི་ངེས་གཏན་རང་བཞིན་དང་གཏན་འཁེལ་མིན་པའི་རང་བཞིན་ཆེ་རུ་ཕྱིན་ནས། གོ་ལའི་འབྱུང་འཕྲོད་དང་རྒྱུན་མཐུད་གོང་འཕེལ་ལ་འགྲན་རྩོད་ཛ་དྲག་པོ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་བྱས་ཏེ། གོང་འཕེལ་དང་འབྱུང་འཕྲོད་ཕྱོགས་སུ་བརྗེ་བསྒྱུར་བྱ་རྒྱུ་གཉིས་མཉམ་འཕེལ་དང་མཉམ་སྐུལ་ཐུབ་པ་བྱེད་པ་བརྒྱུད། སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས། འཛམ་གླིང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པའི་ངོས་ནས། ཀྲུང་གོས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ནས། ཀྲུང་གོའི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་བརྒྱུད་རིམ་ཁྲོད་འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་ཡིན་ཞིང་། དེ་ནི་མིའི་རིགས་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཡིན་པས། དཀའ་ཚེགས་ཆེ་བའི་འབད་འཐབ་བྱས་ན་གཞི་ནས་མངོན་འགྱུར་ཐུབ་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ2030ལོའི་གོང་ཐཱན་རྩེ་གྲངས་ལ་སླེབས་ཐུབ་པ་བྱ་རྒྱུ་དང་། སྤྱི་ལོ2060ལོའི་གོང་ཐཱན་བཏང་སྙོམས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོས་འབྱུང་འཕྲོད་དང་། ཐཱན་ཉུང་། འཁོར་རྒྱུག གོང་འཕེལ་བཅས་ཀྱི་དཔལ་འབྱོར་མ་ལག་འཐུས་ཚང་ཞིག་འཛུགས་པ་བརྒྱུད། ཐཱན་ཉུང་དུ་གཏོང་རྒྱུ་དེ་གཙོ་གནད་འཐབ་ཇུས་ཁ་ཕྱོགས་སུ་བཟུང་ནས། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གཉིས་ཀར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས་དེའི་ཐད་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ།
        གཅིག་ནི། མཐུན་སྒྲིལ་རོགས་ལས་བྱས་ནས་འཛམ་གླིང་ཧྲིལ་པོའི་རིམས་ནད་འགོག་བཅོས་དམག་འཐབ་ཡག་པོ་རྒྱག་དགོས། མཐུན་སྒྲིལ་རོགས་ལས་བྱ་རྒྱུ་ནི་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པའི་ཐབས་དམ་པ་དེ་ཡིན་པས། རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྒྲིག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། བབ་བསྟུན་བྱ་ཐབས་བཟུང་བ་བརྒྱུད་ཐོན་ལས་སྦྲེལ་ཐག་དང་མཐོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་ལ་འགན་སྲུང་བྱེད་དགོས།
        གཉིས་ནི། བསམ་གཞིག་བྱེད་ཕྱོགས་ལ་འགྱུར་ལྡོག་བཏང་ནས། འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གི་རིམས་ནད་རྗེས་ཀྱི་སླར་གསོའི་ལས་དོན་སྤེལ་སྐབས་བློ་རྩ་བརྟན་པོས་དཔལ་འབྱོར་གོང་འཕེལ་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་མཉམ་རྒྱལ་ཡོང་བ་བྱེད་དགོས། རིམས་ནད་ལས་ཐོན་པའི་ལས་རྣམ་གསར་པ་དང་། གྲངས་གཞི་ཅན་གྱི་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་བ། གོང་འཕེལ་གྱི་བྱེད་ནུས་གསར་པར་སྐུལ་སློང་བྱེད་པ་སོགས་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
        གསུམ་ནི། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ཚེགས་ལ་དོ་ཁུར་བྱེད་དགོས། མཐུན་ཆ་དང་མི་མཐུན་པའི་ཆ་གཉིས་ཀ་འཛོམས་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་བྱ་ཡུལ་དང་རེ་འདུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ལག་རྩལ་དང་། མ་དངུལ། ནུས་པ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་མ་ལག་ལ་སྲུང་སྐྱོང་བྱེད་པ་བཅས་ཡིན།
        ལི་ཁེ་ཆང་གིས། འབྱུང་འཕྲོད་ཀྱིས་འབྱུང་འགྱུར་གོང་འཕེལ་གྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཞན་ཁག་དང་ལྷན་དུ་ལག་གདང་དཔུང་སྦྲེལ་གྱིས་འབྱུང་འཕྲོད་སླར་གསོར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1