བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-01


        སྤྱི་ཟླ5པའི་ཚེས25ཉིན་ལ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གཉེར་འགན་འཁུར་བ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཉེར་རོགས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན་གྱི་མཛད་སྒོ་དར་མདོར་གཉེར་པ་རེད།
        ད་ཐེངས་ཀྱི་འགྲེམས་སྟོན་ཐོག་པར་རིས་དང་གསལ་བཤད་རེ་རེ་བཞིན་འགྲེམས་སྟོན་བྱས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྱད་མཚར་བའི་ངང་ནས་མངོན་བསྟན་བྱས་ཤིང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ནན་པོ་དང་དམིགས་བསལ་གྱི་ཆོས་ལུགས་ཆོ་ག ལོ་རྒྱུས་ཀྱི་གཏན་སྲོལ་ཞིབ་ཚགས་བཅས་ཕྱོགས་ཡོངས་ནས་མངོན་པ་དང་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད།
        འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བས་སྤྲུལ་སྐུའི་ཡང་སྲིད་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་གདན་རབས་རྒྱུད་འཛིན་བྱས་སྲོལ་ཞིག་ཡིན་པར་བརྟེན། སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་མཐོང་ཆེན་བླ་ན་མེད་པས་མ་ཚད། དེའི་སྐོར་ལ་བདག་སྐྱོང་བྱས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱས་པའི་ལམ་ལུགས་ལ་བརྩི་འཇོག་གང་ལེགས་ཐོབ་ནས་སྤྲུལ་སྐུ་འབོར་ཆེན་ཞིག་ལ་ངོས་འཛིན་བྱ་རྒྱུའི་ཆོག་མཆན་ཐོབ།2007ལོར《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བདག་སྐྱོང་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་རྗེས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་དེ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་ནུས་ལྡན་བྱས་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལ་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཆོས་ལུགས་ཀྱི་ཆོ་ག ལོ་རྒྱུས་ཀྱི་གཏན་སྲོལ་བཅས་གསལ་བཤད་བྱས་ཤིང་།བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་ལ་མཐུན་སྒྲིལ་སྒོས་ཁྲིད་སྟོན་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད། དེའི་རྗེས་སུ་ད་དུང་རྟའུ་དང་བྲག་མགོ དཀར་མཛེས། སྡེ་དགེ གསེར་ཐར་སོགས་རྫོང་ཁག17ལ་སྐོར་སྐྱོད་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
        སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱུན་ལས་ཡོན་ཀྲང་གཞོན་པ་མཱ་ཡོན་དང་།ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་སངས་དགའ་དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་ཁུལ་ཨུའི་ཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་དང་དར་མདོ་གྲོང་ཁྱེར་རིམ་པ་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ཨུ་ལྷན། བོད་རིག་པའི་ཞིབ་འཇུག་སྡེ་ཚན། ནང་བསྟན་ལས་རིགས་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཁག་གཅིག་བཅས་ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ལ་ཞུགས་ནས་ལྟ་སྐོར་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1