བོད་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-02



        བོད་ལྗོངས་ཀྱིས་2021ལོར་མ་དངུལ་སྒོར་དུང་ཕྱུར་160བསྡུ་སྒྲིལ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་མི་འབོར་གྱི་འགུལ་རྣམ་གཙང་སེལ་གྱིས་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་མཐའ་ཚད་སྲུང་བཞིན་ཡོད་པ་རེད།
        2019ལོའི་ལོ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་པ། ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དཀའ་ངལ་བཟོ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་ཞིང་། མིག་སྔར་དབུལ་སྒྲོལ་ཐུབ་པའི་མི་འབོར་གྱི་ལོ་རེར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལས་བརྒལ་ཡོད་པ་རེད།
        དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་གངས་ལྗོངས་ས་མཐོར་བརྒྱབ་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྤྱི་འདོམས་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པ་དང་། རིམ་རྩིས་བྱས་ན། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་466བཏང་བ་དང་རྣམ་གྲངས་3037ལག་བསྟར་བྱས་པ། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་964བསྐྲུན་པ་དང་གནས་སྤོས་མང་ཚོགས་ཁྲི་26.6ཚང་མ་སྤོས་ཟིན་པ། ལོ་ལྔ་བསྟུད་མར་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བའི་ཚོགས་འདུ་འཚོགས་ནས་རིམ་རྩིས་བྱས་ན་གན་རྒྱ་བཞག་པའི་རྣམ་གྲངས་247ཟིན་གྱི་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ནས་བོད་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ལོ་ངོ་སྟོང་བརྒལ་བའི་འགྱུར་ལྡོག་བྱུང་ཡོད། གོམ་སྟབས་རྗེས་མར། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་བྱ་རྒྱུ་རེད།
        ཡར་ཀླུང་གཙང་འགྲམ་དུ་ཡོད་པའི་སད་སྒོ་རྭ་གྲོང་ཚོ་སྔོ་ལྗང་ཁྲོད་དུ་གནས་པ་དང་། གྲོང་ཚོར་འཆམ་འཆམ་དུ་སྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད་པ་དང་། གཙང་ལ་གྲལ་འགྲིག་པའི་བོད་བཟོའི་ཁང་གསར་གྲོང་ཚོའི་ལམ་གཡས་གཡོན་གཉིས་སུ་བསྐྲུན་ཡོད་པ་ལས་གང་སར་གསོན་ཤུགས་རྒྱས་བཞིན་ཡོད།
        འོན་ཀྱང་ལོ་10ཡི་གོང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པའི་དཔེ་སྟོན་གྲོང་ཚོ་འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གི“ཁོར་ཡུག་ཞན་པ་དང་དབུལ་ལ་སྒྱིད་ལུག”གི་རྗེས་ལུས་གྲོང་ཚོ་ཞིག་རེད།
        དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། སད་སྒོ་རྭ་གྲོང་ཚོས་ས་བབ་ཀྱི་ལེགས་ཆ་དང་དེ་བཞིན་རང་བྱུང་གི་ལེགས་ཆ་སྤྱད་དེ་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོའི་རོགས་སྐྱོར་འོག་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། བོད་བྱ་དང་། ལུག ཕག་པ་བཅས་གསོ་ཚགས་དང་། སྟར་སྡོང་དང་ཀུ་ཤུའི་སྡོང་པོ་འདེབས་འཛུགས་སོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། མི་སེར་ལ་ཡོང་འབབ་བརྟན་པོ་བྱུང་བ་དང་། གྲོང་ཚོའི་དུད་ཚང་དབུལ་པོའང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དབུལ་ཞྭ་བདེ་བླག་ངང་འབུད་ཐུབ་པ་བྱུང་ཡོད། 2020ལོར་སད་སྒོ་རྭ་གྲོང་ཚོའི་ཐོན་ལས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་850དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་2.6ཟིན་གྱི་ཡོད་པ་རེད།
        དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་བའི་བོད་ཀྱིས་མུ་མཐུད་དབུལ་པོ་བསྐྱར་ལོག་སྔོན་འགོག་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། རྫོང་དང་ཆུས་74རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། དབུལ་སྒྲོལ་ས་ཁུལ་གྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1