ཨེ་ཅིབ་ཀྱི་བར་འདུམ་འོག་ཧཱ་མཱ་སི་ཡིས་དབྱི་སི་རལ་བར་བཟུང་དམག་བརྗེ་སྤོར་བྱེད་པའི་ཐད་ནས་བརྒྱུད་པའི་གྲོས་མོལ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-03



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་ཞིན་ཝ་ཨར་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། ཧཱ་མཱ་སི་ཡིས་དབྱི་སི་རལ་བར་བཟུང་དམག་བརྗེ་སྤོར་ཐད་ནས་བརྒྱུད་པའི་གྲོས་མོལ་སྤེལ་འདོད་ཡོད་ཟེར། 
        ཞིན་ཝ་ཨར་གྱིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱེད་པའི་ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་དང་གྲོས་མོལ་བྱས་རྗེས་དབྱི་སི་རལ་བར་བཟུང་དམག་བརྗེ་སྤོར་བྱེད་པའི་གྲོས་མཐུན་འགོད་པར་སྤྲོ་བ་ཡོད་པའི་ཚུལ་བསྟན། 
        ཞིན་ཝ་ཨར་གྱིས་བཤད་རྒྱུར། ད་ལྟ་ང་ཚོར་དོན་དེར་སྐུལ་འདེད་གཏོང་བའི་གོ་སྐབས་ཡོད་པས། ང་ཚོས་མགྱོགས་མྱུར་ངང་བརྒྱུད་པའི་གྲོས་མོལ་སྤེལ་ནས་དོན་དེ་མཇུག་སྒྲིལ་དུ་འཇུག་འདོད་ཡོད་ཟེར། 
        མིང་བཤད་མི་འདོད་པའི་ཧཱ་མཱ་སིའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཞིན་ཝ་ཨར་དང་ཁཱ་མེད་ལེའི་གྲོས་མོལ་གཙོ་བོ་གནད་གསུམ་ལ་དམིགས་ཡོད་དེ། དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་དམག་བརྗེ་སྤོར་བྱེད་པ། ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པ་བཅས་རེད་ཟེར། 
        དཔོན་པོ་དེས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཞོར་དུ་བསྐྱར་འཛུགས་དང་བཟུང་དམག་བརྗེ་སྤོར་ལ་སྐུལ་འདེད་གཏོང་བར་ངོ་རྒོལ་མི་བྱེད་ཀྱང་། ང་ཚོས་དེ་གཉིས་གཅིག་ཏུ་སྦྲེལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 
        དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཀན་ཚི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་འདོད་ཡོད་ཀྱང་། ཆ་རྐྱེན་ནི་ཧཱ་མཱ་སི་ཡིས་ངེས་པར་དུ་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་སྤྱི་དམངས་དང་དམག་མིའི་བེམ་པོ་ཕྱིར་སྤྲོད་དགོས་ཟེར། 
        ཧཱ་མཱ་སི་ཡིས་རྐྱེན་ལམ་དུ་ཤོར་བའི་དབྱི་སི་རལ་གྱི་དམག་མི་གཉིས་ཀྱི་བེམ་པོ་དང་དབྱི་སི་རལ་གྱི་སྤྱི་དམངས་གཉིས་བཀག་འཇུག་བྱས་ཡོད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་བཙོན་མ་སྟོང་ལྔ་ལྷག་བཀག་འཇུག་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1