མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གི་སྤྱི་ཚོགས་འགན་འཁྲི་ལ་དཔྱད་པ།

ཚེ་རིང་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


གཅིག །མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཀློག་ཁྱབ་བསྒྲགས་ནི་དཔེ་མཛོད་ཁང་གི་སྤྱི་ཚོགས་འགན་ཁྲིའི་དབང་གིས་ཡིན།

དཔེ་མཛོད་ཁང་ནི་ཡིག་ཚང་ཡིག་ཆ་སོགས་བསྡུ་རུབ་དང་དག་སྒྲིག །ལས་སྣོན། ཉར་ཚགས། འགྲོ་རྒྱུག་སོགས་ཀྱི་ཁྲོད། མང་ཚོགས་ཀྱིས་དཔེ་ཀློག་ཞིབ་འཇུག་དང་རིག་གནས་སློབ་སྦྱོང་བྱེད་པའི་ལས་ཁུངས་ཤིག་ཡིན། མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཉར་ཚགས་དང་སྔོན་ཐོན་གྱི་རིག་གནས་བརྒྱུད་སྤེལ། སྤྱི་ཚོགས་ཀྱི་སློབ་གསོ་སོགས་ཀྱི་ཐད་ལ་འགན་འཁྲི་གལ་ཆེན་ཁུར་བཞིན་ཡོད། སྤྱིར་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གི་ལས་འགན་ནི་སྤྱི་ཚོགས་ཀྱི་དཔེ་ཀློག་ལ་སྐུལ་འདེབས་བྱེད་པ་རྐྱང་རྐྱང་ཞིག་མིན་རུང་། ཀློག་པ་པོའི་དཔེ་ཀློག་གི་ཁེ་ཕན་སྲུང་སྐྱོབ་སོགས་ལ་འོས་འགན་ཞིག་རང་ཤུགས་ཀྱིས་བབས་ཡོད། དཔེ་ཀློག་སྐུལ་འདེབས་དང་ཁྱབ་སྤེལ་ནི་དཔེ་མཛོད་ཁང་གི་རྩ་བའི་འོས་འགན་དང་མ་མཐའི་ལས་ཀ་ཡིན་ལ། ཆེས་བླ་ན་མེད་པའི་འགན་ཁྲི་ཞིག་ཀྱང་ཡིན་ངེས། དེ་བས་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ནི་དཔེ་ཀློག་ཁྱབ་སྤེལ་གྱི་བྱ་སྤྱོད་སོགས་ཀྱི་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད།

གཉིས། མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གིས་དཔེ་ཀློག་ཁྱབ་བསྒྲགས་ཁྲོད་དུ་མངོན་པའི་དངོས་ཡོད་ཀྱི་དོན་སྙིང་།

འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཐབས་ཤེས་སྣ་ཚོགས་དང་། ལས་འགུལ་རྣམ་པ་འདྲ་མིན་ཞིག་སྤེལ་ནས་དཔེ་ཀློག་ཁྱབ་བསྒྲགས་ལ་སྔར་ལས་ལྷག་པར་དོ་སྣང་མཛད་ཅིང་། ཁྲིམས་ལུགས་སྒྲིག་འཛུགས་སོགས་ཀྱང་ངེས་ཅན་ཞིག་འཛུགས་ཏེ་མང་ཚོགས་ཀྱི་དཔེ་ཀློག་ལ་འཛུབ་སྟོན་དང་སྲུང་སྐྱོབ་མཛད་བཞིན་ཡོད། ལོ་འདི་དག་གི་རིང་ལ། བསམ་པའི་དཔལ་ཡོན་ཇེ་ཕྱུག་ཏུ་གཏོང་བ་ནི་རང་རྒྱལ་མི་དམངས་ཡོངས་ཀྱི་བསམ་པའི་རེ་འདུན་དྲག་པོ་ཞིག་ཏུ་གྱུར་བཞིན་ཡོད། མི་རྣམས་ཀྱིས་དཔེ་ཀློག་ལ་བརྟེན་ཏེ་ཡོན་ཏན་སློབ་ཅིང་། གསར་གཏོད་ཀྱི་བློ་རྩལ་གསོ་སྐྱོང་མཛད། འདི་ནི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། འཆམ་མཐུན་གྱི་སྤྱི་ཚོགས། རྒྱལ་དམངས་ཀྱི་སྤྱོད་ལམ་གོང་འཕེལ་དུ་གཏོང་བའི་ཆེས་བཟང་བའི་ཐབས་ལམ་ཞིག་ཡིན། དེང་སྐབས་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གིས་ཟླ་བཞིི་པའི་ཚེས་23ཉིན་གྱི་དཔེ་ཀློག་ཉིན་མོ་དང་དཔེ་མཛོད་ཁང་གི་ཞབས་ཞུ་ཁྱབ་བསྒྲགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་དཔེ་ཀློག་ཁྱབ་བསྒྲགས་བྱེད་བཞིན་ཡོད། དེ་བས་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ནི་དཔེ་ཀློག་ཁྱབ་བསྒྲགས་ཀྱི་སྲོག་ཤིང་ཀ་བ་ལྟ་བུ་དང་། རིག་གནས་རྒྱུད་འཛིན། རིག་གནས་གསར་གཏོད་ཀྱི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གསུམ། མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཀློག་ཁྱབ་བསྒྲགས་ཁྲོད་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི།

དཔེ་མཛོད་ཁང་གིས་སྤྱི་ཚོགས་སློབ་གསོའི་འགན་འཁྲི་སྲུང་བཞིན་ཡོད། ལོ་འདི་དག་གི་རིང་ལ། དཔེ་མཛོད་ཁང་སྤྱི་ཚོགས་འགན་འཁྲི་ཐད་ཀྱི་ཉམས་ཞིབ་ནི་དཔེ་མཛོད་ཁང་ཐད་ཀྱི་ཆེད་མཁས་རྣམས་ཀྱིས་དོ་སྣང་མཛད་པའི་ཁྱབ་ཁོངས་གསར་པ་ཞིག་ཡིན། དེང་རབས་ཀྱི་དཔེ་མཛོད་ཁང་གི་རིག་པ་ནི་སྤྱི་ཚོགས་རིག་གནས་འཕེལ་རྒྱས་འགྲོ་བ་དང་ལྷན་དུ། རིམ་གྱིས་ཡིག་ཚང་དང་བརྡ་འཕྲིན་གྱི་ཞིབ་འཇུག་ཁྱབ་ཁོངས་ལས་བརྒལ་ཏེ། སྤྱི་ཚོགས་དང་སྔར་བས་འབྲེལ་བ་ཇེ་ཟབ་ཏུ་ཕྱིན། དེ་བཞིན་དུ་དཔེ་མཛོད་ཁང་གིས་རང་ཉིད་ཀྱི་ཁེ་དབང་མང་པོ་ཞིག་བརྩོན་ལེན་བྱེད་པ་དང་མཉམ་དུ། སྤྱི་ཚོགས་ཀྱི་འགན་འཁྲི་ཡང་ངེས་ཅན་ཞིག་སྲུང་བཞིན་ཡོད། མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་སྲུང་དགོས་ལ། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་པར་རྒྱབ་སྐྱོར་དཔུང་སྣོན་ཡང་བྱེད་དགོས། ཧྭ་ཏུང་དགེ་ཐོན་སློབ་ཆེན་བརྡ་འཕྲིན་སློབ་གླིང་གི་ཀྲུའུ་རིན་སློབ་དཔོན་ཆེན་མོ་ཧྥན་པིང་སི་ཡིས་དཔེ་མཛོད་ཁང་གི་སྤྱི་ཚོགས་འགན་འཁྲིའི་དམིགས་ཡུལ་ནི་དཔེ་མཛོད་ཁང་གི་ཞབས་ཞུ་ཇེ་བཟང་དུ་གཏོང་བ་དང་། དཔེ་མཛོད་ཁང་གི་མི་ཡིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་ཐུབ་པ། དཔེ་མཛོད་ཁང་གི་རིག་པའི་གཞུང་ལུགས་ཇེ་ཟབ་ཏུ་གཏོང་བ། ནན་ཁེ་སློབ་ཆེན་གྱི་བརྡ་འཕྲིན་དང་ཐོན་ཁུངས་དོ་དམ་སློབ་གླིང་གི་ཡུང་ལེན་ཀྲི་ཡིས་དཔེ་མཛོད་ཁང་གི་སྤྱི་ཚོགས་འགན་འཁྲི་ནི་དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་གནད་དོན་ལ་འགན་ལེན་བྱེད་ཐུབ་པ་དེ་ཡིན་ཟེར། ཧའེ་ལུང་ཅང་སློབ་ཆེན་བརྡ་འཕྲིན་དོ་དམ་སློབ་གླིང་གི་གླིང་གཙོ་གཞོན་པ་སློབ་དཔོན་ཅང་ཡུང་ཧྥའུ་ཡིས་དཔེ་མཛོད་ཁང་གི་སྤྱི་ཚོགས་འགན་འཁྲི་ཕྱོགས་གསུམ་ནས་མངོན་ཡོད། གཅིག །དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལེན་བྱེད་པ་ནི་རང་གི་ལས་གནས་ཀྱི་སྙིང་སྟོབས་མངོན་པ་ཡིན། གཉིས། དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལེན་བྱེད་པ་ནི་དབང་ཆ་འཛིན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། གསུམ། དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལེན་བྱེད་པས་དཔེ་མཛོད་ཁང་གི་མི་རྣམས་སྔར་བས་ཇེ་ལེགས་སུ་ཕྱིན་ཐུབ།

བཞི། མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གིས་དཔེ་ཀློག་ཁྱབ་བསྒྲགས་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་བའི་དོན་སྙིང་།

《 རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་ཐེངས་ལྔ་པའི་གྲོས་ཚོགས་ཀྱི་སྐབས་རིག་གནས་བཅོས་བསྒྱུར་དང་འཕེལ་རྒྱས་སྐོར་གྱི་འཆར་འགོད་མདོ་སྤྱི།》ཞེས་པའི་ནང་དུ། དེང་དུས་ཀྱི་སྤྱི་ཚོགས་སུ་རིག་གནས་ཀྱི་གོ་གནས་དང་ཤུགས་རྐྱེན་ནི་མི་རིགས་ཤིག་གི་སྟོབས་ཤུགས་གཅིག་བསྡུས་དང་གསར་གཏོད་ཀྱི་ནུས་ཤུགས་ཀྱི་ཡོང་ཁུངས་གཙོ་བོ། རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་གལ་ཆེའི་གྲུབ་ཆ། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་རྒྱབ་བརྟེན་གཙོ་བོ་རུ་གྱུར་ཡོད། དཔེ་ཀློག་ནི་མི་སྒེར་གྱི་ལས་དོན་ཁོ་ན་ཞིག་མིན་པ། དེ་ནི་རྒྱལ་ཁབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། རིག་གནས་སློབ་གསོའི་རྩ་འཛུགས་ཀུན་གྱིས་ཤུགས་འདོན་པའི་སྤྱི་ཡོངས་ཀྱི་བྱེད་སྒོ་ཞིག་ཡིན། དེ་འདྲའི་རྒྱལ་ཡོངས་ཀྱི་དཔེ་ཀློག་ཁྲོད། དཔེ་མཛོད་ཁང་གིས་རང་ཉིད་ཀྱི་རིན་ཐང་དང་འགན་འཁྲི་ལ་ངོས་ཟིན་ཏེ། རང་གི་ནུས་པ་དང་སྟོབས་ཤུགས་མངོན་ཐུབ་དགོས། འདི་ཡང་དཔེ་མཛོད་ཁང་གི་སྣང་བརྙན་དང་རང་ཉིད་ཀྱི་རིན་ཐང་མངོན་པའི་རྟགས་མཚོན་ཞིག་ཡིན།

ལྔ། དཔེ་མཛོད་ཁང་གི་ལས་བྱེད་མི་སྣ་དག་གིས་དཔེ་ཀློག་ཁྱབ་བསྒྲགས་མཛད་སྐབས་ཡོད་དགོས་པའི་གཤིས་རྒྱུད།

  སྲུང་བའི་ཆེས་མ་མཐའི་ཆ་རྐྱེན་ཡིན། ལས་བྱེད་མི་སྣ་དག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་དགོས་ཤིང་། ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་གྱི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་ཡང་ལྡན་དགོས། དེ་བཞིན་དུ་ཕུགས་འདུན་དང་དད་སེམས། ལས་གནས་ལ་དགའ་ཞིང་གུས་པ། སྒེར་སེམས་མེད་པར་ཞབས་འདེགས་ཞུ་བའི་སྙིང་སྟོབས་སོགས་ཀྱང་ཡོད་དགོས། འཚོལ་བསྡུ་མི་སྣ་རྣམས་ཀྱིས་སྒྲིག་གཞི་དང་བསྟུན་ནས་འཚོལ་བསྡུ་བྱེད་ཕྱོགས་བཙུགས་ཏེ། དཔེ་དེབ་དང་ཡིག་ཚགས་སོགས་ཀྱི་སྤུས་ཀ་ལ་འགན་ཁུར་མཛད་དགོས། ལས་བྱེད་མི་སྣ་རྣམས་ཀྱིས་དཔེ་མཛོད་ཁང་གི་དཔེ་དེབ་ཀྱི་གོ་རིམ་ཤེས་དགོས་ལ། དཔེ་ཀློག་གི་མཁྱེན་རྒྱ་ཡངས་ཤིང་ཤེས་བྱ་སྣ་ཚོགས་ཀྱིས་ཕྱུག་དགོས། ལས་བྱེད་མི་སྣ་ཡིས་རང་ཉིད་ཀྱི་སྤྱོད་ལམ་མཐོ་རུ་གཏོང་ཤིང་། ཆེད་ལས་ཀྱི་ངོས་ནས་ཀློག་པ་པོའི་དཔེ་ཀློག་གདམ་ག་དང་དཔེ་ཀློག་ཁ་ཕྱོགས་ལ་རོགས་སྐྱོར་མཛད་དགོས། དཔེ་མཛོད་ཁང་གི་ལས་བྱེད་མི་སྣས་ཀློག་པ་པོའི་བསམ་འདུན་ཤེས་ཏེ། ཀློག་པ་པོ་ལ་འཚམ་པའི་དཔེ་དེབ་མཛུབ་ཁྲིད་དང་མཚམས་སྦྱོར་བྱེད་དགོས། རིག་གནས་ཆུ་ཚད་དང་དགའ་ཕྱོགས་མོས་འདུན་སོགས་མི་མཚུངས་པའི་རྐྱེན་གྱིས། ཀློག་པ་པོ་སོ་སོ་ལ་དཔེ་དེབ་ཀྱི་དགོས་མཁོ་ཡང་མི་མཚུངས། ལས་བྱེད་མི་སྣ་དག་གིས་ཀློག་པ་པོ་ལ་འོས་ཤིང་འཚམ་པའི་དཔེ་ཀློག་ཞབས་འདེབས་ཞུ་དགོས།

  དཔེ་མཛོད་ཁང་ནི་རིག་གནས་སློབ་གསོ་ལས་ཁུངས་དང་ཡིག་ཚགས་བརྡ་འཕྲིན་ལྟེ་གནས་ཤིག་ཡིན་པས། རྒྱལ་དམངས་ཡོངས་ཀྱི་དཔེ་ཀློག་གྲངས་འབོར་དང་དཔེ་ཀློག་མོས་མཐུན་སོགས་ལ་སྐུལ་མ་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་དགོས། ལས་བྱེད་མི་སྣ་དག་གིས་བློ་བསྡུས་དགེ་འཚོལ་དང་ཞབས་ཞུའི་སྐོར་ལ་གསར་བཏོད་བྱས་ནས་རྒྱལ་དམངས་ཡོངས་ཀྱི་དཔེ་ཀློག་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། དེ་བཞིན་དུ་མི་དམངས་ཀྱི་འཚོ་བ་དང་། སྤྱི་ཚོགས་ཀྱི་གནད་དོན་ལ་དོ་སྣང་བྱས་ནས་རྒྱལ་དམངས་ཡོངས་ཀྱི་སྤྱོད་ལམ་ཇེ་བཟང་དང་དཔེ་མཛོད་ཁང་གི་ལས་མི་ཡོངས་ཀྱིས་སེམས་ཤུགས་མཉམ་དུ་བསྡུས་ནས་བརྩོན་པ་བྱ་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1