ཤ་རིགས་འཁྱག་སྒམ་དུ་དུས་ཡུན་ཅི་ཙམ་འཇོག་ཆོག་།

ཚུལ་ཁྲིམས་བཟང་པོས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


དེང་དུས་བོད་ཀྱི་རོང་འབྲོག་ས་ཁུལ་དུ་གློག་དང་འཕྲུལ་ཆས་ཀྱི་ཆ་རྐྱེན་ཇེ་ལེགས་ཕྱིན་པ་དང་བསྟུན་ནས་དུས་རྒྱུན་སྟོན་ཁ་དང་དགུན་ཁ་ལ་ཤ་འབོར་ཆེན་ཉོས་ཏེ་འཁྱག་སྒམ་དུ་བཅུག་རྗེས། ཕྱི་ལོའི་དབྱར་ཁ་བར་དུ་ཟ་བཞིན་ཡོད་ལ། ལས་བྱེད་པ་ཚོས་གཟའ་ཟླ་བ་ནས་པ་སངས་བར་ལས་དོན་བསྒྲུབ་དགོས་པས། གཟའ་མཇུག་གི་དུས་ཚོད་བེད་སྤྱོད་ནས་ཤ་རིགས་འབོར་ཆེན་ཉོས་རྗེས་འཁྱག་སྒམ་དུ་བཅུག་སྟེ་ཡུན་རིང་འགོར་ཡང་ཟ་བཞིན་ཡོད། སྤྱིར་དེས་འཚོ་བ་ལ་སྟབས་བདེ་བསྐྲུན་ཡོད་ཀྱང་། མི་མང་པོ་ཞིག་གིས་ཤ་འཁེང་ནས་ཡུན་རིང་འགོར་ན་དེ་ལས་འབུ་ཕྲ་ཐོན་སྲིད་པ་ཤེས་བཞིན་མེད།

ཤ་རིགས་འཁྱག་སྒམ་གྱི་གྲང་ཉར་རིམ་པ་རུ་བཞག་ནས་དུས་ཡུན་ཅི་ཙམ་འགོར་ན་བཟའ་མི་རུང་ཞེ་ན། ཆེད་མཁས་པས་གསུང་རྒྱུར། ཕག་ཤ་དང་ཟོག་ཤ །ལུག་ཤ །ཁྱིམ་བྱ་དང་གག་པའི་ཤ་སོགས་ཤ་རིགས་འདི་ལྟ་བུ་འཁྱག་སྒམ་དུ་བཞག་ཚད་དུས་ཡུན་ཉིན་90ལས་བརྒལ་མི་རུང་བ་དང་། ཉ་རིགས་དང་མཚོ་ཐོན་གྱི་ཤ་རིགས་ཡིན་ཚེ། རབ་ཡིན་ན་ཉིན་30ཚུན་ལ་ཟས་ཟིན་པ་བྱ་དགོས། རྒྱུ་མཚན་ནི་འཁྱག་སྒམ་གྱི་གྲང་ཉར་རིམ་པ་དེའི་དྲོད་ཚད་ཐིག་ལེའི་མན་ཡིན་ནའང་། དེས་འབུ་ཕྲ་རྒྱུད་འཕེལ་འགྱུར་བ་ཇེ་དལ་ཕྱིན་པ་ཙམ་ལས་འབུ་ཕྲ་འཁེང་ནས་གསོད་མི་ཐུབ།

ཤ་རིགས་འཁེང་ནས་ཡུན་རིང་གྱུར་ན་གཤེར་ཁུ་ཇེ་ཉུང་ཕྱིན་པ་མ་ཟད། གཡོས་སྦྱོར་བྱས་རྗེས་བྲོ་བ་དེ་འདྲ་ཞིམ་པོ་མེད་པ་དང་། འཚོ་བཅུད་རིན་ཐང་ཐད་དེ་ལས་ཀྱང་བཤད་མ་དགོས་ཏེ། འཚོ་བཅུད་ཀྱི་གཞི་རྒྱུ་གང་མང་ཞིག་ཡལ་ཟིན་པ་གདོན་མི་ཟ།

ཁྱིམ་ཚང་འགའ་རེའི་འཁྱག་སྒམ་ནི་ལོ་གང་མང་ལ་སྤྱོད་ཟིན་པ་དང་། གྲང་འཁྱག་ནུས་པ་དང་ནས་དེ་ཙམ་ཡག་པོ་མེད་པས། བཟའ་བཅའི་སྲུང་འཛིན་དུས་ཡུན་དེ་བས་ཐུང་པ་རེད། གཙོ་བོ་འཁྱག་སྒམ་གྱི་སྒོ་དུས་རྒྱུན་ཕྱེ་བཞིན་ཡོད་པས། འཁྱག་སྒམ་ནང་གི་དྲོད་ཚད་ལ་འགྱུར་ལྡོག་བྱུང་ནས་འབུ་ཕྲ་རྒྱུད་འཕེལ་ཡོང་བཞིན་ཡོད།

དེ་བས་ཤ་མང་པོ་ཉོས་ནས་འཁྱག་སྒམ་དུ་འཇོག་རྒྱུར་གོམས་པའི་གྲོགས་པོ་རྣམས་ལ་མགྱོགས་མྱུར་སྒོས་བཟའ་བཅའ་དེ་རིགས་ཟས་ཟིན་པ་གྱིས་ཞེས་གསལ་འདེབས་བྱ་རྒྱུ་དང་། ཤ་རིགས་འཁྱག་སྒམ་དུ་བཞག་ཡུན་ཇི་ལྟར་རིང་ན། ཁྱེད་ཀྱི་བདེ་ཐང་ལ་གནོད་པ་དེ་ལྟར་ཆེ། ད་དུང་སྒོ་རྩིས་ཚོང་ཁང་དང་སྔོ་ཚལ་ཚོང་ཁང་དུ་ཤ་རིགས་ཉོ་ས་འགྲོ་སྐབས། མཛུབ་མོས་ཤ་ལ་མནན་ནས་མདོག་འགྱུར་མིན་དང་སྣག་མོ་ཡིན་མིན་ལ་བརྟག་དགོས་ཏེ། གལ་སྲིད་མདོག་འགྱུར་ཞིང་ཤིན་ཏུ་སྣག་ན། ཤ་དེ་རིགས་ནི་འཁྱག་སྒམ་དུ་བཞག་ནས་ཕྱིར་བླངས་པ་ཡིན་པས་རབ་ཏུ་བྱུང་ན་དེ་རིགས་ཉོ་མི་རུང་ངོ་། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1