ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-04



འབའ་ཐང་གི་སྲོལ་རྒྱུན་བོད་ཁང་སྐྲུན་པའི་བརྒྱུད་རིམ་སྐོར་གྱི་མཐོང་ཐོས་རགས་བཀོད།

༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།

འགྲོ་བ་མིའི་སྡོད་ཁང་བསྐྲུན་པའི་ལོ་རྒྱུས་ལ་ཆ་བཞག་ནས་བཤད་ན། བགྲང་བྱ་དྲུག་སྟོང་ནས་བདུན་སྟོང་བར་གྱི་ལོ་རྒྱུས་ཀྱི་ཁུངས་འདེད་བྱེད་ས་ཡོད་ཅིང་། མགོ་ནག་མིའི་གཏམ་དཔེ་ལ༼ ལུས་འཛུལ་སའི་སྤྱིལ་ཁང་ཡོད་པས་ན།།ཐབ་མེ་དྲོད་དང་ནི་ཉལ་ས་ཡོད ༽ ཅེས་པ་ལས་སྡོད་ཁང་ནི་མེད་དུ་མི་རུང་བ་ཞིག་ཡིན་པའི་གནས་ལུགས་ཤུགས་སུ་བསྟན་པ་ཞིག་རེད་སྙམ། སྤྱིལ་ཁང་ཞིག་ཡོད་ནའང་ཆར་རླུང་ཁྲོད་དུ་འཚོ་བ་རོལ་དགོས་པའི་དཀའ་སྡུག་ལས་བྲལ་བས་མིའི་བློ་སེམས་ཞི་ལྷོད་དུ་ཆགས་ཤིང་། དེ་ནས་ལྟོ་གོས་འཛོམས་པའི་རྗེས་སུ་སྡོད་ཁང་དྲོན་པོ་ཡོད་པ་དེ་འགྲོ་བ་མིའི་འཚོ་གནས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར།

འབའ་ཐང་གི་དམངས་ཁྲོད་དུ“དཀའ་སྡུག་མང་པོ་ནང་ལ་ཁང་པ་མེད་པ་དེ་དཀའ་སྡུག་ཆེ་ཤོས་རེད”ཅེས་བཤད་སྲོལ་ཡོད་ཅིང་། འབའ་ཐང་བས་རང་ཉིད་སྤྲོ་སྣང་སྐྱིད་པོའི་ངང་བསྡད་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ལ། ཁང་པ་ཇེ་ཡག་རྒྱག་རྒྱུ་དང་ར་སྐོར་ཇེ་མཛེས་བཟོ་རྒྱུར་དེ་བས་ཀྱང་དོ་སྣང་བྱེད་ཀྱིན་ཡོད་པ་རེད། ལོ་ལྟར་དཔྱིད་ཀ་ཤར་ཡོང་དུས་འབའ་ཐང་ཡུལ་གྱི་ཁྱིམ་ཚང་ཚང་མས་གྱང་རྡུང་པ་དང་ས་དམར་བྱུག་པ། མེ་ཏོག་འདེབས་པ། ཤིང་ཏོག་སྡོང་ཕྲུག་འཛུགས་པ་བཅས་ཀྱི་ལས་ལ་བྲེལ་ཞིང་། དཀའ་ངལ་ལ་མི་འཛེམས་ནས་སྤྲོ་སྣང་ཆེན་པོས་རང་ཁྱིམ་གྱི་ར་སྐོར་མཛེས་བཟོ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད་པ་རེད། ཁམས་པའི་མཐོ་སྒང་གི་འབའ་ནོར་བུ་ས་ཆའི་འཚོ་བ་དེ་སྐྱིད་མི་ཁོམ་མི་ལྕོགས་ཁྲོད་དུ་རོལ་བཞིན་ཡོད། གྱང་གི་ར་བ་བསྐོར་བའི་སྤྲོ་སྐྱིད་ལྡན་པའི་འབའ་བའི་བཟོ་བཀོད་ཀྱི་བོད་ཁང་ཞིག་དང་། ཁང་པའི་མདུན་ཕྱོགས་དང་རྒྱབ་ཕྱོགས་སུ་ལི་སྡོང་དང་ཀུ་ཤུའི་སྡོང་པོ། རྒུན་འབྲུམ་ཤིང་སྡོང་བཅས་འདེབས་ཤིང་། སྒོ་རའི་ནང་གི་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བ་དང་། བོད་ཁང་དམར་པོའི་ནང་འབའ་གཞས་ཀྱི་རོལ་དབྱངས་ཁྲོད་དུ་ཁྱིམ་འཛིན་མ་ཚོས་དྲི་ཞིམ་ལྡན་པའི་འབའ་ཟས་བཟོས་པ་དང་སྦྱིན་བདག་གིས་ནས་ཆང་བཏུང་ནས་སྙན་ཞིང་འཇེབས་པའི་པི་ཝང་དཀྲོལ་ཞིང་སྐྱིད་པོ་རང་སྡོད་ཀྱིན་ཡོད། དེ་ནི་འབྲི་ཆུའི་ལྷོ་ངོགས་ཀྱི་ནོར་བུའི་ས་ཆ་འབའ་ཐང་བའི་འཚོ་བ་རོལ་སྟངས་ཡིན་ཞིང་། ཡུལ་གཞན་གྱི་མིས“དེ་ནི་ཕྱུག་པོ་ཅུང་ཙམ་འགྱུར་དུས་ཡིད་ཚིམས་ནས་ཡར་རྒྱས་འགྲོ་རྒྱུར་བརྩོན་ལེན་མི་བྱེད་པ་རེད”ཅེས་བཤད་ཀྱི་ཡོད་མོད། འོན་ཀྱང་འབའ་ཐང་བ་ཚོས་དེར་འཚོ་བ་སྐྱིད་པོ་དལ་མོ་རོལ་གྱིན་ཡོད་ཅེས་མིང་སྙན་པོ་ཞིག་བཏགས་འདུག

༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།

འབའ་ཐང་གི་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་ནི་རྫོང་གྲོང་ཁུལ་གྱི་སྡོད་ཁང་དམར་པོ་དེ་མཚོན་བྱེད་རང་བཞིན་ཆེ་ཤོས་ཤིག་ཡིན་ཞིང་། འབྲི་ཆུའི་ངོགས་སུ་གནས་པ་དང་ས་བབ་དམའ་བ། གནམ་གཤིས་དྲོན་མོ་བཅས་ཀྱི་དབང་གིས་གྲོང་མིའི་སྡོད་ཁང་ནི་དཀར་མཛེས་ཁུལ་གྱི་རྫོང་གཞན་དང་མི་འདྲ་བས། རྙོག་འཛིང་ཆེ་བའི་བརྐོས་རིས་དང་མཛེས་རྒྱན་ལ་དོ་སྣང་བྱེད་ཀྱིན་མེད། སྟབས་བདེའི་སྡོད་ཁང་དང་བབ་ཆགས་པ། ཡུལ་རང་ནས་རྒྱུ་ཆ་ལེན་རྒྱུ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་གི་སྡོད་ཁང་མང་པོའི་ཁྲོད་རང་ཉིད་ཁྱད་ཆོས་ཡོད་པ་ཞིག་ཏུ་གྱུར་ཡོད། ས་གནས་གཞན་དག་དང་བསྡུར་ན་འབའ་ཐང་སྲོལ་རྒྱུན་གྱི་བོད་ཁང་དེ་ས་དང་ཤིང་ཆ་ལས་གྲུབ་ནས་བསྐྲུན་པ་ཞིག་ཡིན་ཞིང་། ཁང་པར་རྡོ་སྤྱོད་ཚད་ཉུང་ན་དགུན་ཁ་དྲོན་པོ་ཡིན་ཞིང་དབྱར་ཁར་བསིལ་པོར་གྱུར་པའི་དམིགས་བསལ་གྱི་དགེ་མཚན་ཡོད་པ་རེད།

འབའ་ཐང་སྲོལ་རྒྱུན་གྱི་བོད་ཁང་དེ་བཟོ་བཀོད་སྟབས་བདེ་ཞིང་བབ་ཆགས་པོའི་མཛེས་ཉམས་མངོན་པ་ཞིག་རེད། ཁང་པའི་རྩིག་གདན་རྡོས་བརྩིགས་པར་ཕུད། ཁང་པའི་ཕྱི་ཁོག་གྱང་རྡུང་པ་དང་། ཀ་བ་དང་ཕོག གདུང་རྐྱང་ཚང་མ་ཡུལ་དེ་གའི་ནགས་ཤིང་བཅད་དེ་སྤྱད་ཆོག་པ་རེད། སྲོལ་རྒྱུན་གྱི་འབའ་པའི་སྡོད་ཁང་ཕལ་ཆེར་གཞི་ཁྱོན་ཀ་བ12ནས་ཀ་བ40བར་ཡོད་ཅིང་། ཁང་པའི་ཕྱི་བཀོད་མཛེས་བཟོ་ཡང་རྙོག་རྫབ་ཆེན་པོ་མིན། ཁང་པའི་ཕྱི་ངོས་གྱང་ལ་ས་དམར་བྱུག་པ་དང་སྒོར་གཙག་བྱུག་པ། གཙག་ཅེས་པ་དེ་རང་བྱུང་གི་གཏེར་རྫས་ཤིག་ཡིན་ལ་ཕྱིར་དངོས་པོ་གང་མང་ལ་འགོ་སླ། དེའི་ཕྱིར་དེང་སང་སྒོར་ཕལ་ཆེར་རྫས་འགྱུར་ཚོན་གཏོང་བྱེད་བཞིན་ཡོད། སྔ་མའི་འབའ་ཐང་སྡོད་ཁང་དེ་ཁང་ཐོག་མི་སྡོད་པ་དང་ཁང་འོག་ཕྱུགས་ཟོག་ཚགས་ཡོད་པས་འཚོ་བའི་ཁོར་ཡུག་ཞན་པ་ནི་སྨོས་མེད་རེད།

༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།

ཉེ་བའི་ལོ་ཤས་རིང་། མི་དམངས་ཀྱི་འཚོ་བ་ཇེ་ཡག་འགྲོ་བ་དང་བསྟུན་ནས་འབའ་ཐང་བོད་ཁང་བཟོ་བཀོད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། དང་ཐོག་མི་དང་ཕྱུགས་ཟོག་སྡོད་གནས་ཁག་ཕྱེས་ཏེ། ཁང་ཐོག་མི་ཉལ་ས་དང་ཁང་འོག་མི་སྡོད་ས་བྱེད་པ། སྒོ་སྔོན་དུ་ཟ་ཁང་ལས་པ་དང་། ཁང་རྒྱབ་ལ་ཕྱུགས་ཟོག་ཚགས་སའི་སྤྱིལ་ཁང་ལས་ཡོད། ཁང་སྐྲུན་རྒྱུ་ཆའང་སྔོན་མ་ས་དང་ཤིང་ཆ་རྐྱང་པ་ཡིན་པ་ནས་དེང་སང་ཨར་འདམ་དང་ངར་ལྕགས་ལས་རྒྱུ་ཆ་བྱས་པར་གྱུར་ཡོད།

ཡིན་ན་ཡང་སྲོལ་རྒྱུན་གྱི་འབའ་ཐང་གི་བོད་ཁང་ཚང་མ་དམར་པོ་རང་མིན་པ། འབའ་གྲོང་ཁུལ་བོད་ཁང་ཕལ་ཆེར་ས་དམར་བྱུག་སྲོལ་ཡོད་ལ། སྐྱ་ཟམ་ཁ་དང་ཁྲང་སྟོད་སྟེང་། ཚ་ཤོད་སོགས་ཀྱི་ས་གནས་ཀྱི་བོད་ཁང་ལ་ས་དམར་བྱུག་སྲོལ་མེད་པ་དང་། ལྷོ་ཕྱོགས་སོ་བ་ནང་ཡུལ་ཤོག་གི་བོད་ཁང་ཕལ་ཆེར་ས་དཀར་པོ་བྱུག་པ་དང་རྫོང་རྩ་ཡུལ་ཤོག་ལ་ས་དཀར་རིང་ཤག་བརྒྱབ་པ། བྱང་ཕྱོགས་ཀྱི་མཚོ་ལ་ཡུལ་ཤོག་ལ་ཚོན་རྒྱག་སྲོལ་མེད་པ། དེ་དག་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་དང་འབྲེལ་བ་ཆེན་པོ་ཡོད་སྲིད་པ་རེད་སྙམ།

དེང་སང་ལ་འབའ་ཐང་དུ་སྲོལ་རྒྱུན་གྱི་གྱང་རྡུང་པའི་ཁང་པ་དམར་པོ་ཉུང་དུ་སོང་བ། ཆ་རྐྱེན་ཡོད་མཁན་ཐམས་ཅད་ཀྱིས་ངར་ལྕགས་དང་ཨར་འདམ་སོགས་རྒྱུ་ཆ་སྤྱད་དེ་རྒྱ་བོད་ཟུང་འབྲེལ་གྱི་ཁང་པ་ལས་ནས་ཁང་པའི་ཕྱི་ཁོག་འབའ་པའི་ཁྱད་ཆོས་ལྡན་པ་བཟོས་པ་རེད། གང་ལྟར་ཁང་པ་དམར་པོ་དེ་འབའ་བྱ་ཁྱུང་སྟེང་གི་ཁྱད་ཆོས་ཡིན་པས། འབའ་རྒྱ་སྤང་སྟེང་དང་བྲག་ཅན་སྟེང་ལ་རྒྱང་ལྟ་བྱེད་དུས་ལི་སྡོང་དང་ཀུ་ཤུ་ཤིང་སྡོང་སྔོན་པོའི་ཁྲོད་དུ་བོད་ཁང་དམར་པོ་མང་པོ་མཐོང་རྒྱུ་ཡོད་པའི་རི་མོ་ལྟ་བུའི་མཛེས་ལྗོངས་དེ་འབའ་ཐང་བའི་སེམས་སྟེང་གི་ཕ་ཡུལ་གྱི་ཆགས་ཚུལ་ངོ་མ་རེད་ལ། ང་ཚོ་ཕྱི་རོལ་ཡུལ་དུ་གནས་པའི་འབའ་ཐང་བའི་རྨི་ལམ་ནང་གི་ཕ་ཡུལ་གྱི་རྣམ་པ་ཞིག་ཀྱང་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1