གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༧ཉིན།

བོད་ལྗོངས་ཀྱི་སྐར་ཚོགས་པར་ལེན་ཚོགས་ཆེན་སྐབས་དང་པོ་འཚོག་ཉེར་ཡོད་པ།



སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཡུལ་དངོས། 
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“བོད་ལྗོངས་ཀྱི་སྐར་ཚོགས་པར་ལེན་ཚོགས་ཆེན”གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་སྐབས་དང་པོ་དེ་ལྷ་སར་འཚོགས་པ་རེད།  
         ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི“བོད་ལྗོངས་ཀྱི་སྐར་ཚོགས་པར་ལེན་ཚོགས་ཆེན”སྐབས་དང་པོ་ནི་བོད་ལྗོངས་ཀྱི་འབྲེལ་ཡོད་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་གཙོ་གནད་ཐོག་བཏོན་པའི་བྱེད་སྒོ་ཞིག་ཡིན་ཏེ།  ད་ཐེངས་ཀྱི་བྱེད་སྒོས“ངོ་མཚར་ལྡན་པའི་བོད་ལྗོངས་སུ་ཡུལ་སྐོར་བྱེད། ཡིད་དབང་འཕྲོག་པའི་སྐར་ཚོགས་པར་དུ་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཐོག་མར་ཆེད་ལས་པར་བ་གདན་དྲངས་ནས་སྐར་ཚོགས་པར་ལེན་གྱི་གནས་འཚོལ་བའི་ལམ་བུའི་ཐོག་བསྐྱོད་དེ། ས་གནས་མི་འདྲ་བ་དང་དུས་མཚམས་མི་འདྲ་བར་སྐར་ཚོགས་བརྗོད་གཞིར་བཟུང་སྟེ་པར་ལེན་པ་དང་འབྲེལ་སྐར་མ3ནས5བར་གྱི་རྩེར་སོན་དྲིལ་བསྒྲགས་པར་གཞི་ལེགས་སྒྲུབ་བྱེད་རྒྱུ་དང་། དུས་མཇུག་ཏུ་ཐོག་མའི་གཟིགས་འབུལ་གྱི་ལམ་ནས་དྲིལ་བསྒྲགས་པར་གཞི་འགྲེམས་སྟོན་ཚོགས་འདུ་འཚོགས་པ་དང་། གསར་རྩོམ་ཚོགས་པས་བོད་ལྗོངས་ཀྱི་སྐར་ཚོགས་པར་ལེན་ཐོན་ཁུངས་མཉམ་སྤྱོད་དང་སྐར་ཚོགས་པར་ལེན་རྩལ་ནུས་མཉམ་སྤྱོད་བྱས་ཏེ་ཡིད་དབང་འཕྲོག་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་འབྲེལ་ཡོད་ཡུལ་སྐོར་ལམ་ཐིག་ཐོན་རྫས་ཁག་ཅིག་ཁྲོམ་རར་འདོན་རྒྱུ་རེད།  
         བོད་ལྗོངས་ལ“སྐར་ཚོགས་བཀྲ་བའི་གནས་མཆོག”ཅེས་འབོད་སྲོལ་ཡོད་དེ། དེའི་ས་བབ་མཐོ་བ་དང་འོད་ཀྱི་སྦགས་བཙོག་ཉུང་བ། དུ་སྨུག་ཉུང་བ་བཅས་ཀྱིས་སྐར་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་དེ་བཞིན་པར་ལེན་ཐད་ཆ་རྐྱེན་བཟང་པོ་བཏོད་ཡོད།  ད་ཐེངས་ཀྱི་སྐར་ཚོགས་པར་ལེན་ལམ་ཐིག་ནི་མངའ་རིས་ས་ཁུལ་གངས་རིན་པོ་ཆེ་མཛེས་ལྗོངས་ཁུལ་དང་མ་ཕམ་གཡུ་མཚོ་མཛེས་ལྗོངས་ཁུལ། མུན་སྐར་སྤྱི་གླིང་མཛེས་ལྗོངས་ཁུལ། གུ་གེ་རྒྱལ་པོའི་ཕོ་བྲང་གི་གནའ་ཤུལ་མཛེས་ལྗོངས་ཁུལ། རྩྭ་མདའ་ནགས་ཚལ། རྒྱལ་ཁབ་ས་གཤིས་སྤྱི་གླིང་སོགས་སུ་བསྐྱོད་དེ་བརྩམས་ཆོས་ལ་བརྟེན་ནས་ས་མཐོའི་འོད་སྟོང་འཕྲོ་བའི་སྐར་ཚོགས་དྲིལ་བསྒྲགས་བྱས་ཏེ་སྐར་ཚོགས་ལ་དགའ་མོས་ཅན་དག་དང་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ངེས་རེད།  
         བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་བོད་ལྗོངས་ཀྱི་སྐར་ཚོགས་མཛེས་ལྗོངས་བརྒྱུད་སྤེལ་བྱས་ནས་བོད་ལྗོངས་ཀྱི་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་ཡུལ་སྐོར་གྱི་མིང་བྱང་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ལ།  དེ་དང་ཆབས་ཅིག་ད་ཐེངས་ཀྱི་བྱེད་སྒོའི་བརྩམས་ཆོས་བརྒྱུད་མི་དེ་བས་མང་པོས་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་བྱས་ཏེ། ནམ་མཁའ་དེ་བས་སྔོ་བ་དང་ས་གཞི་དེ་བས་ལྗང་བ། ཆུ་བོ་དེ་བས་དྭངས་པ། སྐར་ཚོགས་དེ་བས་བཀྲག་མདངས་ལྡན་པ་བཅས་ཡོང་བ་བྱས་ནས་སྣོད་བཅུད་ཁོར་ཡུག་བཟང་པོ་དེས་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འཕར་གནས་ཤིག་ཏུ་འགྱུར་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1