བསྟན་འཛིན་ལ་གཟི་བརྗིད་ལས་འགན་གསར་པ་ཞིག་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-07


        སྤྱི་ཟླ་6ཚེས་2ཉིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བསྟན་འཛིན་ལ་གདན་ཞུའི་ཡི་གེ་ཞིག་དངོས་སུ་སྤྲད་ཡོད་པ་དང་།  གདན་ཞུའི་ཡི་གེ་དེའི་ཐོག་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལགས་དུས་ཡུན་ལོ་གསུམ་རིང་སི་ཁྲོན་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ཕོ་ཉར་གདན་འདྲེན་རྒྱུ་ཡིན་ཞེས་ཁོད་ཡོད། 

        བསྟན་འཛིན་གྱི་གསོ་སྐྱོང་ལས་ཁུངས་ཀྱི་འགན་ཁུར་བ་སྟེ་ལི་ཐང་རྫོང་གཞུང་ཁོངས་རྒྱུ་ནོར་ཚོགས་པའི་ལས་འཛིན་ཀྲང་ཏུང་གིས། བསྟན་འཛིན་ཉིད་སི་ཁྲོན་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་ཁྱབ་གདལ་ཕོ་ཉར་གྱུར་བ་ནི་གོ་སྐབས་ཤིན་ཏུ་ཡག་པོ་ཞིག་རེད། བསྟན་འཛིན་གྱི་ཤུགས་རྐྱེན་དང་སི་ཁྲོན་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ ཟུང་དུ་འབྲེལ་ཏེ། ལི་ཐང་གི་རིག་གནས་དང་། དཀར་མཛེས་ཀྱི་རིག་གནས། སི་ཁྲོན་གྱི་རིག་གནས་བཅས་ཁྱབ་གདལ་གཏོང་ཐུབ་རྒྱུ་དང་། ལས་འགན་ལྕི་པོ་འདི་དང་དུ་བླངས་རྗེས་ངེས་པར་དུ་སི་ཁྲོན་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་ཐད་ལེགས་སྐྱེས་འབུལ་ཐུབ་རྒྱུ་དང་། སི་ཁྲོན་གྱི་རིག་གནས་དང་ཡུལ་སྐོར་གྱི་སྣང་བརྙན་ཐད་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་འདུག 

   བསྟན་འཛིན་གྱི་བར་ཁེ་བ་ལི་ཐང་རྫོང་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ཏུའུ་ཏུང་ཏུང་གིས།  བསྟན་འཛིན་འཚར་ལོངས་བྱུང་བ་དང་ཁོང་ཁྱབ་བསྒྲགས་བྱས་པ་བརྒྱུད། ང་ཚོས་ན་གཞོན་ཚོའི་ལྟ་སྟངས་ཐོག་ནས་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལ་ལྟ་བ་དང་། ན་གཞོན་ཚོས་དང་ལེན་བྱེད་འདོད་པའི་ཡུལ་སྐོར་ཐོན་རྫས་དང་བྱེད་སྟངས་ལ་ཚོད་ལྟ་བྱེད་ཀྱི་ཡོད་ཅེས་དང་།  བསྟན་འཛིན་དང་འབྲེལ་བའི་རྟ་གཉིས་དང་ཞང་པོ་སོགས་ལ་འབྱུང་འགྱུར་ད་དུང་དོན་སྙིང་མི་འདྲ་བ་ལྡན་ཡང་སྲིད།  སླད་ཕྱིན་བསྟན་འཛིན་ནི་ཡར་ཐོན་དང་གསོན་ཤུགས་ཀྱི་མཚོན་བྱེད་ཅིག་ཏུ་འགྱུར་ཡང་སྲིད་ཅེས་བརྗོད་ཡོད། 
 
   ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་འཛིན་ནི་སི་ཁྲོན་རིག་གནས་ཡུལ་སྐོར་གྱི་མིང་བྱང་གྲགས་ཅན་ཞིག་ཏུ་འགྱུར་ཐུབ་ཅིང་། བསྟན་འཛིན་འཚར་ལོངས་འབྱུང་བར་ཕ་ཡུལ་དང་འབྲལ་ཐབས་མེད་པ་དང་། གོམ་སྟབས་རྗེས་མར་ཕྱོགས་ཁག་གིས་བསྟན་འཛིན་ལ་གཅེས་སྐྱོང་དང་ཁོང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་དགོས་པའི་ལྟ་ཚུལ་འཛིན་གྱི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1