ཞི་ཅིན་ཕིང་གིས་པ་ཅི་སི་ཐན་གྱི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་བརྗོད་དོན་བྱ་འགུལ་ལ་འཕྲིན་ཡིག་བཏང་ནས་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-07



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་བརྗོད་དོན་བྱ་འགུལ་པ་ཅི་སི་ཐན་གྱི་དབྱི་སི་ལན་པོ་ནས་སྤེལ་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ཁམས་མ་ལག་སླར་གསོའི་ལོ་བཅུ་ཡི་མགོ་རྩོམ་ལོ་ཡིན་པ་དང་། པ་ཅི་ས་ཐིན་གྱིས་སྐྱེ་ཁམས་མ་ལག་སླར་གསོ་བརྗོད་དོན་དུ་བཟུང་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་བྱ་འགུལ་སྤེལ་བར་དོན་སྙིང་ཆེན་པོ་ལྡན།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སའི་གོ་ལ་ནི་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་ཡིན། སྐྱེ་ཁམས་དར་བ་ཡིན་ན་དཔལ་ཡོན་ངང་གིས་དར་ཐུབ། མིའི་རིགས་ཀྱིས་རང་བྱུང་ཁམས་བརྩི་བཀུར་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་འོས་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཆགས་སྟངས་གསར་པ་གྲུབ་པར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་ཞན་དུ་འགྲོ་བཞིན་པ་དང་། ཐང་རྒོད་དང་བྱེ་ཐང་ཅན་དུ་འགྱུར་ཚབས་ཆེ་ལ་བློར་ཤོང་དཀའ་བའི་གནམ་གཤིས་བསྟུད་མུར་བྱུང་བ་བཅས་ཀྱི་རྐྱེན་གྱིས། མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འགྲན་རྩོད་ཆེན་པོ་རིམ་པར་སྤྲད། འཛམ་གླིང་ནི་གྲུ་གཅིག་གི་སྟེང་བསྡད་ཡོད་པའི་ལས་སྐལ་གཅིག་མཐུན་གྱི་ཕུང་བོ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་མེད་ཀྱི་བློ་ཁོག་དང་ལག་ལེན་ལ་བརྟེན་ནས། འདྲ་མཉམ་ལུགས་མཐུན་དང་མཉམ་ལས་གཉིས་རྒྱལ་ཀྱི་འཛམ་གླིང་ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་རིག་གནས་ཀྱིས་གནའ་ནས་བཟུང་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་མཐུན་འཇུག་ཡོང་བར་གོང་བཀུར་ཚད་མེད་བྱས་ཡོད། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱིའི་ཆགས་སྟངས་བཀོད་འཇུག་བྱེད་རྒྱུ་ཡིན། འཛམ་གླིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཟབ་ཞུགས་པ་དང་བྱས་རྗེས་འཇོག་མཁན། སྣེ་འདོམས་པ་བཅས་ཡིན་པའི་ཀྲུང་གོས་ཕྱོགས་མང་རིང་ལུགས་ལག་བསྟར་རྦད་ཆོད་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་ཁྲིམས་རྨང་རྟེན་ཡིན་པའི་རྒྱལ་སྤྱིའི་གོ་རིམ་སྲུང་འཛིན་གང་ལེགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1