སིང་ག་ལཱ་རུ་ཡ་ང་བའི་ནམ་ཟླ་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-08


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། སིང་ག་ལཱ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཡ་ང་བའི་ནམ་ཟླ་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཉིས་དང་ཁྲི་བཞི་ལྷག་གི་འཚོ་བར་གནོད་པ་ཐེབས་ཡོད་ཟེར། 
        གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་བཤད་རྒྱུར། ཉེ་སྔོན་སིང་ག་ལཱའི་རྒྱལ་ཡོངས་མངའ་ཁོངས་སུ་ཆར་བ་དྲག་པོ་བབས་པ་དང་། འདམ་ཟེགས་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ལས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག གཞན་ཡང་མི་གཉིས་གར་སོང་རྙེད་མེད། ཉུང་མཐར་ཡང་ཁང་བ་བརྒྱད་བརྒྱ་ལྷག་ལ་གཏོར་བརླག་ཐེབས་ཡོད་ལ། ནམ་ཟླའི་གནོད་པ་ཐེབས་པའི་མང་ཚོགས་ཁྲི་གཅིག་དང་སྟོང་ལྔ་ལྷག་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར། 
        སིང་ག་ལཱའི་འཕྲོད་བསྟེན་པུའུ་ཡི་འཕྲོད་བསྟེན་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧི་ལཱ་ཐི་ཡིས་ཚེས་ལྔ་ཉིན་ས་གནས་སྨྱན་བྱད་ལ་བཤད་རྒྱུར། དྲག་ཆར་ལས་ས་དེའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་དེ་སྔོན་གྱི་འཆར་གཞི་ལྟར་སྤེལ་ཐབས་མེད་ཟེར། 
        སིང་ག་ལཱའི་ནམ་ཟླའི་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་གསར་བ་ལྟར་ན། ཚོད་དཔག་བྱས་ན་མ་འོངས་པའི་ཉིན་འགའི་ནང་ས་ཁུལ་སྐོར་ཞིག་ཏུ་དྲག་ཆར་འབབ་སྲིད་པ་དང་། སིང་ག་ལཱ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གནོད་འཚེ་དོ་དམ་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་འཛུགས་སྐྲུན་ཞིབ་འཇུག་རྩ་འཛུགས་ཀྱིས་ས་ཁུལ་མང་བོར་རི་ཉིལ་བའི་ཉེན་བརྡ་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1