གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༩ཉིན།

སྔར་གྱི་སྦྲ་གུར་སློབ་གྲྭ། དེང་གི་མེ་ཏོག་ལྡུམ་ར།

        སློབ་རའི་ཁོར་ཡུག་མཛེས་ཤིག་སྡུག །སློབ་སྦྱོང་གྲུབ་འབྲས་གཡུར་དུ་ཟ། སྤྱི་ཟླ་6པའི་ཚེས་6ཉིན། ངེད་གངས་ལྗོངས་ཉི་གཞོན་བཅར་འདྲི་ཚོ་ཆུང་གཙུག་ལག་རིག་པའི་ལྟེ་གནས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་འབྱོར་ཞིང་། ད་ལོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དགའ་འོས་པའི་ལོ་འདི་ལ། ཏག་ཏག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བ་དང་འཁེལ་འདུག །འདི་ནི་སློབ་གྲྭ་དེར་མཚོན་ན་དེ་ལས་ཀྱང་དགའ་འོས་པའི་ལོ་ཞིག་རེད། དེ་བས་སློབ་གྲྭས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བའི་དགའ་སྟོན་གྱི་གྲ་སྒྲིག་གྱ་ནོམ་པ་ཞིག་བྱེད་བཞིན་འདུག་སྟེ། སློབ་ཁང་དང་དངོས་སྦྱོང་ཁང་། བྱེད་སྒོ་ལྟེ་གནས། སློབ་མའི་ལུས་རྩལ་ར་བ་སོགས་ཚད་དང་ལྡན་པ་བསྐྲུན་ཞིང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་བཟོ་རིག་པའི་འགྲེམ་སྟོན་ཁང་། དེ་བཞིན་སློབ་མའི་དཔེ་ཀློག་ཁང་སོགས་ཚད་ལྡན་ཚུལ་མཐུན་དུ་སྐྲུན་བཞིན་པར་མ་ཟད། ཁོར་ཡུག་མཛེས་བཟོ་སོགས་ཀྱི་ཐད་ལའང་འགྱུར་ལྡོག་ཆེན་པོ་གཏོང་བཞིན་འདུག །

        རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱིས་རྩ་བ་དང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་པའི་གནའ་དེང་ཟུང་དུ་འབྲེལ་བའི་སློབ་གྲྭ་ཞིག་རེད་ལ། སྤྱི་ལོ་1981ལོ་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་དུ་བཙུགས། སྐབས་དེར་སློབ་མ་80ཙམ་དང་དགེ་རྒན་ལས་བཟོ་པ་20ལྷག་ཡོད་པ་ནས་ད་ལྟ་ད་ཡོད་སློབ་མ་1600ལས་བརྒལ་ཞིང་། དགེ་རྒན་ལས་བཟོ་པ་60ལྷག་ཏུ་འཕར་བ་དང་། སློབ་ཁང་དང་སློབ་མའི་མལ་ཁང་སྦྲ་གུར་ཡིན་པ་ནས་དེང་དུས་སྨྱན་མང་གཟུགས་སོགས་དེང་རབས་ཀྱི་ཡོ་བྱད་ལྡན་པའི་སློབ་ཁང་དང་། ཆ་རྐྱེན་ལེགས་ཤིང་ཚར་དུ་དངར་བའི་སློབ་མའི་མལ་ཁང་དུ་གྱུར་ཡོད་ལ། བགྲང་བྱ་བཞི་བཅུའི་རིང་བོད་འབྲེལ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཆེ་བའི་ཤེས་ལྡན་མི་སྣ་ཁྲི་གཅིག་ལྷག་སྐྱེད་སྲིང་བྱས་ཡོད། སྔར་འབྲོག་པའི་མཚེར་ས་ལྟར་གནས་སྤོ་གང་མང་བྱས་ཟིན་པའི་སྦྲ་གུར་སློབ་གྲྭ་ཞིག་དེང་དུས་རྒྱ་ཁྱོན་ཆེ་ཞིང་། ཆ་རྐྱེན་ལེགས་པའི་དེང་རབས་ཅན་གྱི་སློབ་གྲྭ་ཕུལ་བྱུང་ཞིག་ལ་གྱུར་པ་འདི་ནི་བློ་ཡུལ་ལ་ཤོང་དཀའ་ཡང་། སྤྱོད་ཡོན་གཉིས་ལྡན་གྱི་དགེ་སློབ་ཚོ་དང་ལྡུམ་ར་ལྟར་མཛེས་པའི་ཁོར་ཡུག་སོགས་མཐོང་རྗེས་ཡིད་སེམས་དབང་མེད་དུ་ཤོར།


        སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་འཇམ་བློས་ད་ལོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་རེད་ལ། ཏག་ཏག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བ་རེད། ཏང་དང་རྒྱལ་ཁབ་ཀྱི་ཇུས་བཟང་ལ་བརྟེན་ནས་སློབ་གྲྭ་བཙུགས་ནས་ད་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པས། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བཞིན་ཡོད་ལ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ངེད་སློབ་གྲྭས་ལོ་ངོ་བཞི་བཅུའི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ་ཡིན།  མིག་སྔའི་སློབ་གྲྭའི་འཛུགས་སྐྲུན་དང་དོ་དམ། སློབ་གསོ། ཆེད་ལས་འཛུགས་སྐྲུན་སོགས་ཕྱོགས་ཡོངས་ནས་འགྲེམ་སྟོན་འདི་སྤེལ་ཆོག་གི་ཡོད་ཅེས་ཟེར།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1