ཡུལ་ཚོ་འདི་ལ་རང་གི་ལོ་རྒྱུས་ཁང་ཞིག་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-10




        ཧོར་ཡུལ་གཡང་གི་ས་ཆ། ལྕམ་བླ་བདེ་སྐྱིད་གྲོང་པ། སྤྱི་ཟླ་6པའི་ཚེས་6ཉིན་གྱི་ས་སྲོད་ཀྱི་དུས། ངེད་བཅར་འདྲི་ཚོ་ཆུང་ལ་གླུའི་ཕ་སར་གྲགས་པའི་ཧོར་བྲག་འགོ་རྫོང་དུ་འབྱོར། ཡིད་འོང་གི་མཛེས་ལྗོངས་དང་ཁོད་ཡངས་པའི་གཞུང་ལམ། གྲལ་འགྲིག་ཅིང་སྤུས་ལེགས་པའི་བང་ཁང་ཁྱད་ཆོས་ཅན་སོགས་མཐོང་མ་ཐག་སེམས་སུ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་གིས་ཁེངས།
ཆར་རྗེས་ཀྱི་ཤྭ་ར་ཐང་དུ་འཇའ་ཚོན་སྣ་ལྔ་བཀྲ་བྱུང་།

        ཕྱི་ཉིན་ཞོགས་པར་ང་ཚོ་བཅར་འདྲི་ཚོ་ཆུང་ཡར་སྡེ་ཡུལ་ཤོག་ལྕམ་བླ་ཡུལ་ཚོ་རུ་ཕྱིན་ཞིང་། ཡུལ་ཚོ་དེའི་འཕེལ་རྒྱས་ཀྱི་རྣམ་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་རིང་བའི་རིག་གནས་ལོ་རྒྱུས། ཧོར་གྱི་རིག་གནས་དང་། དེ་མིན་རྫོང་མཐུག་པའི་གསར་བརྗེའི་རིག་གནས་སོགས་ལ་རྒྱུས་ལོན་དང་མྱོང་རོལ་ཡིད་ཚིམ་པ་ཞིག་བྱས།

ལྕམ་བླ་ཡུལ་ཚོའི་མཛེས་ལྗོངས། ད་ལྟ་ཡུལ་ཚོ་འདིར་དུད་ཁྱིམ་35ཡོད།

        ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་གྱི་སྣེ་ཁྲིད་འོག །ང་ཚོས་ཡུལ་ཚོའི་ལོ་རྒྱུས་ཁང་དང་དམར་དམག་རིག་གནས་བཤམས་སྟོན་ཁང་། དེ་མིན་དམར་དམག་སྡོང་པོ་སོགས་སུ་ལྟ་སྐོར་བྱས་ཏེ། ཡུལ་ཚོའི་ལོ་རྒྱུས་འཕེལ་རྒྱས་དང་དམར་དམག་རྒྱང་སྐྱོད་ཀྱི་ལམ་ཐིག །དམར་དམག་གི་གཏམ་རྒྱུད། དམར་དམག་གི་སྙིང་སྟོབས་སོགས་མཚོན་ཐུབ་པའི་གནའ་རྫས་དང་པར་རིས་རྩ་ཆེན་མང་པོ་མཐོང་བར་མ་ཟད། དམག་དམངས་མཐུན་སྒྲིལ་གྱི་ངོ་མཚར་གཏམ་རྒྱུད་མང་པོ་གོ་བྱུང་།
ཡུལ་ཚོའི་ལོ་རྒྱུས་ཁང་དང་དམར་དམག་རིག་གནས་བཤམས་སྟོན་ཁང་གི་ཕྱིའི་བཀོད་པ།
ཡུལ་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་གྱིས་བཤམས་སྟོན་ཁང་གི་ལོ་རྒྱུས་མཚམས་སྦྱོར་བྱེད་བཞིན་པ།

        སྤྱིར་ཡུལ་ཚོ་དེའི་མིང་ཅི་ལྟར་ཐོགས་པའི་སྐོར་ནས། སྔོན་དར་མདོའི་ལྕགས་ལ་རྒྱལ་པོའི་ལྕམ་མོ་ཞིག་དམག་འཁྲུག་གི་དབང་གིས་ཡུལ་འདི་ལ་བྲོས་ཐར་བྱུང་ཞིང་། གནས་འདིའི་དཔོན་པོ་དང་གཉེན་སྒྲིག་བྱས་རྗེས་དབང་བཟུང་བས་ཡུལ་མིང་འདི་ཐོགས་པར་གྲགས།
བདེ་འཇགས་འཐུང་ཆུ།
ཡུལ་མི་རྣམས་ཀྱིས་སྔོ་ཚལ་དྲོད་ཁང་དུ་ལས་ལ་འབད་བཞིན་པ།

        ཉེ་བའི་ལོ་ཤས་རིང་། རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལྕམ་བླ་ཡུལ་ཚོར་དབུལ་སྐྱོར་ལས་དོན་ཟབ་སྤེལ་བྱས་ཏེ། འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ཡུལ་སྐོར་ལས་རིགས་དང་ཁུལ་བརྒལ་ཁྱད་ལྡན་དཔལ་འབྱོར་སོགས་ལ་སྐུལ་སྤེལ་ནན་མོ་བྱས་ཕྱིན། དབུལ་གྲོལ་ཕྱུག་འགྱུར་གྱི་གོམ་ཁ་ཇེ་ཡངས་སུ་ཆགས། ལྷག་པར་དུ་2018ལོའི་ཟླ་5པའི་ཚེས་3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ལྕམ་བླ་ཡུལ་ཚོར་རྟོག་ཞིབ་གནང་སྐབས། ལྕམ་བླའི་སྐྱེ་ཁམས་གསོ་སྐྱོང་དང་དཔལ་འབྱོར་གོང་འཕེལ་ཐད་ནས་མཛུབ་སྟོན་གལ་ཆེན་གནང་ཞིང་། ལོ་དེའི་ལོ་མཇུག་ལ་ཡུལ་ཚོ་ཡོངས་དབུལ་གྲོལ་མངོན་འགྱུར་བྱུང་། སྔ་གཞུག་ཁུལ་རིམ་པའི་མཛེས་པའི་གྲོང་ཚོ་དང་དཔལ་ཡོན་གྲོང་ཚོ། ཁུལ་རིམ་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་དཔེ་སྟོན་ཡུལ་ཚོའི་མཚན་སྙན་ཐོབ་ཅིང་། ཞིང་ཆེན་རིམ་པའི་རིག་གནས་དབུལ་སྐྱོར་དཔེ་སྟོན་ཡུལ་ཚོ་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཡུལ་ཚོ་སོགས་ཀྱི་གཟེངས་རྟགས་དུ་མ་ཐོབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1