མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ཐོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-11



    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་0དང་སྐར་མ་45ཐོག མོང་གོལ་རྒྱལ་ཁབ་ཀྱི་སྤྱིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གཞུང་གི་དྲ་བའི་ཡུལ་དངོས་ནས་ཙུང་ཐུང་འདེམས་བསྐོ་ཐད་ཀྱི་ཐོག་མའི་མཇུག་འབྲས་བསྡོམས་རྩིས་བརྒྱབ་ནས་མངོན་གསལ། ཉིན་དེར་སྤེལ་བའི་མོང་གོལ་རྒྱལ་ཁབ་ཀྱི་2021ལོའི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་ཁྲོད། མོང་གོལ་མི་དམངས་ཏང་གི་འོས་མི་ཙུང་ལི་ཝུའུ་ཧོ་ན་ཧུའུ་རུ་ལེ་སུའུ་ཧོ་ལ་འདེམས་ཤོག་816903ཐོབ་པ་དང་། “ཡང་དག་མི་ཡི་འདེམས་དམངས་མནའ་འབྲེལ་”གྱི་འོས་མི་ཏན་ཀཱ་སུའུ་ལུན་ཨུན་ཧོ་པ་ཐེར་ལ་འདེམས་ཤོག་242473ཐོབ། དམངས་གཙོ་ཏང་གི་འོས་མི་སའོ་དེ་ནོ་མུའུ་ཙུང་ཏུའུ་ཨེར་ཏེ་ལ་འདེམས་ཤོག་72157ཐོབ་འདུག 
   ཝུའུ་ཧོ་ན་ཧུའུ་རུ་ལེ་སུའུ་ཧོ་ཡིས་ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་23དང་སྐར་མ་30ཡས་མས་སུ་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས། རང་ཉིད་སྐབས་འདིའི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་བ་ཁྱབ་བསྒྲགས་བྱས་པ་དང་། མ་འོངས་པར་ལས་དོན་ཧུར་ཐག་གི་བསྒྲུབས་ནས་འདེམས་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་ཚུལ་བསྟན་ཡོད།
    ཝུའུ་ཧོ་ན་ཧུའུ་རུ་ལེ་སུའུ་ཧོ་ནི་1968ལོའི་ཟླ་6པར་ཝུའུ་ལན་པ་ཐུར་ནས་སྐྱེས་པ་རེད། དེ་སྔོན་རྒྱལ་ཁབ་ཏ་ཧུའུ་ལ་གྲོས་ཁང་གི་ཨུ་ཡོན་ལ་ཐེངས་བཞི་བདམས་པ་རེད། མོང་གོལ་དམངས་གཙོ་སྤྱི་ཚོགས་ན་གཞོན་མནའ་འབྲེལ་གྱི་ཀྲུའུ་ཞི་དང་། མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། པུའུ་ཀྲང་སོགས་ཀྱི་ལས་གནས་འགན་འཁུར་ཞིང་། 2014ལོའི་ཟླ་2015ལོའི་བར། 2016ལོ་ནས་2017ལོ་ལ་ཙུང་ལི་གཞོན་པ་ཐེངས་གཉིས་བྱས། 2017ལོའི་ཟླ་10དང་2020ལོའི་ཟླ་6པར་ཙུང་ལི་ཐེངས་གཉིས་ལ་བྱས། 2017ལོའི་ཟླ་11པར་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞིར་བདམས་པ་རེད། 
    མོང་གོལ་རྒྱལ་ཁབ་ནི་གྲོས་ཚོགས་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཏ་ཧུའུ་ལར་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་མཐོ་ཤོས་ཡིན་པ། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་བདག་དང་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དམག་སྤྱི་གཅིག་ལྕོགས་ཡིན། མོང་གོལ་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རྒྱལ་ཁབ་ཀྱི་ཏ་ཧུའུ་ལར་ཡི་ཁྲོད་དུ་གདན་ཐོབ་ཡོད་པའི་སྲིད་ཏང་ངམ་ཡང་ན་མནའ་འབྲེལ་ལ་ཁེར་རྐྱང་ངམ་ཡང་ན་མཉམ་འབྲེལ་ཐོག་ཙུང་ཐུང་གི་འོས་མི་འདོན་དབང་ཡོད་པ་དང་། ཙུང་ཐུང་གི་འགན་འཛིན་ཡུན་ཚད་ནི་ལོ་དྲུག་ཡིན་ཞིང་། འགན་འཛིན་ཡུན་ཚད་ནི་སྐབས་གཅིག་ཡིན་པ་རེད། ལོ་50ཡན། མོང་གོལ་རྒྱལ་ཁབ་ཏུ་བསྟུད་མར་ལོ་ལྔ་ཡན་སྡོད་པའི་རྒྱལ་ཁོངས་དེའི་སྤྱི་དམངས་ཚང་མར་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་པའི་ཐོབ་ཐང་ཡོད་པ་རེད། དེ་སྔོན་རྩ་ཁྲིམས་ནང་ཙུང་ཐུང་གི་འགན་འཁུར་ཡུན་ལོ་བཞི་དང་སྐབས་གཉིས་ལ་འགན་འཁུར་ཆོག་པའི་གཏན་འབེབས་བྱས་ཡོད། ད་ལོའི་ཟླ་4ཚེས་29ཉིན། རྒྱལ་ཁབ་ཏ་ཧུའུ་ལར་གྱིས“ཙུང་ཐུང་འདེམས་བསྐོའི་བཅའ་ཁྲིམས”ཀྱི་ཁ་གསབ་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཞིང་། བཟོ་བཅོས་འཆར་ཟིན་དེའི་ནང་ཙུང་ཐུང་ལ་བདམས་མྱོང་མེད་པའི་མོང་གོལ་རྒྱལ་ཁབ་ཀྱི་སྤྱི་དམངས་ཁོ་ནར་གཞི་ནས་ཙུང་ཐུང་ལ་བདམས་ཆོག་པའི་ཐོབ་ཐང་ཡོད་པ་གཏན་འབེབས་བྱས་ཡོད། 
    ཐེངས་འདིའི་ཙུང་ཐུང་འདེམས་བསྐོ་ནི་མོང་གོལ་རྒྱལ་ཁབ་ལ་1992ལོ་ནས་འགོ་བརྩམས་ཏེ་ཙུང་ཐུང་གི་གྲོས་ཚོགས་ལམ་ལུགས་བཙུགས་པའི་ཚུན་གྱི་སྐབས་བརྒྱད་པའི་ཙུང་ཐུང་འདེམས་བསྐོ་ཡིན་པ་དང་། མོང་གོལ་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་ཙུང་ཐུང་འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་བྱས་རྗེས་ཀྱི་ཐེངས་དང་པོར་ཙུང་ཐུང་འདེམས་བསྐོ་བྱས་པ་ཡིན་པས་རྒྱལ་སྤྱི་དང་རྒྱལ་ནང་དུ་དོ་ཁུར་ཆེན་པོ་བྱས་ཡོད། 
    མོང་གོལ་རྒྱལ་ཁབ་ཙུང་ཐུང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། རྒྱལ་ཁབ་དེའི་2021ལོའི་ཆེས་མཐའ་མཇུག་གི་འདེམས་བསྐོའི་འབྲས་བུ་ནི་ཚེས་10ཉིན་གྱི་འཕྱི་ཙམ་ལ་དངོས་སུ་སྤྱི་བསྒྲགས་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1