ཞི་ཅིན་ཕིང་གིས་སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-11


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ་རེད།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཛའ་གྲོགས་ཟབ་ཏུ་དང་། མཉམ་ལས་རྒྱ་སྐྱེད། ཐུན་མོང་གོང་འཕེལ་བཅས་དོན་དུ་གཉེར་བའི་སྟེགས་བུ་གལ་ཆེན་ཞིག་རེད། ད་ལོའི་སྤྱི་ཟླ་2པར། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་སྐོང་འཚོགས་བྱས་པ་དང་། ངོས་ནས་གནས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་དངོས་གཉེར་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་ཞུས་ཡོད། གཉིས་ཕན་གཉིས་རྒྱལ་གྱི་མཉམ་ལས་གྲུབ་འབྲས་རྒྱ་ཆེར་གཏོང་རྒྱུའི་ཐད་སླད་ཕྱིན་ལོ་5ཡི་ནང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ནས་རིམ་རྩིས་བྱས་ན་རིན་ཐང་ཨ་སྒོར་དུང་ཕྱུར་1700ཡན་ཟིན་པའི་ཚོང་ཟོག་ནང་འདྲེན་བྱས་ནས་འབྱུང་འགྱུར་ལོ་5ཡི་ནང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་ལྡབ་འཕར་ཡོང་རྒྱུར་བརྩོན་ལེན་བྱས་ཏེ་ཉིང་པོ་སོགས་ས་ཁུལ་གྱི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དཔེ་སྟོན་ཁུལ་འཛུགས་རྒྱུར་མུ་མཐུད་དེ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག དབུ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། སྐབས་འདིའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམས་ཚོགས་གཉེར་བ་དེས་ཀྲུང་གོའི་ཁྲོམ་རས་ཡོ་རོབ་དབུས་ཤར་གྱི་ཚོང་ཟོག་ལ་རྒྱུས་མངའ་ལོན་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། ཕྱོགས་ཁག་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་འགྲན་སློང་ཁྱད་བསད་དང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཀྱང་ཡོད།
        ཕྱོགས་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་ལག་གདང་དཔུང་སྦྲེལ་གྱིས་དེ་བས་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་མཐོངས་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།
ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམས་ཚོགས་སྐབས་གཉིས་པ་དེ་སྤྱི་ཚེས་8ཉིན་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། བརྗོད་བྱ་གཙོ་བོ་ནི་༼རྣམ་པ་གསར་པ་གཏོད་པ་དང་། གོ་སྐབས་གསར་པ་མཉམ་སྤྱོད་བྱེད་༽ཅེས་པ་དེ་ཡིན། དངོས་མང་འགྲེམས་ཚོགས་དེ་ཚོང་དོན་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་སྐུ་མགྲོན་དང་ཁེ་ལས་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1