ཟི་ལིང་ས་ཁུལ་གྱི་སྐབས34པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རི་སྤྱི་གླིང་དུ་ཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-15



        རྒྱལ་ཡོངས་གོང་འོག་ཐམས་ཅད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར། “ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ། བདེ་སྐྱིད་འཚོ་བ་མཉམ་དུ་རོལ”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། “ཧུར་བརྩོན་གྱིས་མི་རིགས་མཐུན་སྒྲིལ་བྱེད་པའི་མི་རིགས་ནི་ཆེས་བདེ་སྐྱིད་ལྡན་པ་དང་མི་རིགས་མཐུན་སྒྲིལ་བྱེད་པའི་རྒྱལ་ཁབ་ནི་ཆེས་སྟོབས་ལྡན་ཡིན་པའི”དགའ་སྟོན་རྟེན་འབྲེལ་གྱི་ཁོར་ཡུག་ཅིག་བསྐྲུན་པ། མི་རིགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་རོགས་སྒྲུབ་བྱས་ཤིང་། གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་ཚོགས་པས་རོགས་སྐྱོར་བྱས་པའི་སྐབས34པའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟླ6པའི་ཚེས12ཉིན། ཟི་ལིང་ལྷོ་རི་སྤྱི་གླིང་གངས་ལྗོངས་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་དུ་གཟབ་རྒྱས་ངང་མགོ་བརྩམས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ་རིན་ཆེན་ཚེ་དབང་གིས་མགོ་རྩོམ་མཛད་སྒོའི་ཤིས་ཚིག་ཕུལ་དེ་མཛད་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
        ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་ཟུར་པའམ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་སྟག་འབུམ་ཐར་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཝུའུ་ཏི་ཅུན། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་། ཀྲུང་གུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཝང་ཡོ་ཁྲོན་དང་ཁུལ་དཔོན་བཀྲ་ཤིས་ཚེ་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས།མཚོ་སྔོན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཟུར་པ་ཚེ་བ། ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཨ་དགེ་འདུན། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་སྐར་མ་ཕུན་ཚོགས།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བློ་བཟང་ཟླ་བ་སོགས་ཞུགས་ཡོད།
        ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་ཁུངས་སོ་སོ་དང་། སློབ་ཆེན་ཁག་སོ་སོ། ཁེ་ལས་སྡེ་ཁག་སོ་སོ་བཅས་གཙོ་བྱས་ནས། མཚོ་ལྷོ་དང་རྨ་ལྷོ། ཡུས་ཧྲུའུ། མགོ་ལོག  མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་དག་ནས་ཡོང་བའི་བོད་རིགས་སྤུན་ཟླ་ལྷན་དུ་འདུས་ཡོད་ལ། རིག་རྩེད་ཀྱི་རྣམ་གྲངས་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་། རིག་རྩལ་རྣམ་གྲངས་སོ་སོར་བོད་ཀྱི་མདའ་རྩེད་འགྲན་སྡུར་དང་རིག་རྩལ་འཁྲབ་སྟོན།  བོད་ཀྱི་མིག་མངས་འགྲན་སྡུར་སོགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ས་ཁུལ་སོ་སོ་ནས་ཡོང་བའི་ཁེ་ལས་སྐོར་ཅིག་གིས་རང་ས་གནས་ཀྱི་ལག་ཤེས་ཐོན་རྫས་འགྲེམས་སྟོན་བྱས་པས། རྒྱ་ཆེའི་ལྟད་མོ་བ་ཀུན་གྱིས་མགྲིན་གཅིག་ཏུ་ད་ལོའི་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་སྔར་ལོ་ལས་ཕུན་སུམ་ཚོགས་པར་འདུག་ཅེས་བསྔགས་བརྗོད་བྱེད་བཞིན་ཡོད། 
        ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི1983ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ས་ཁུལ་གྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རིག་གནས་རོལ་རྩེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ལ་དམིགས་ཏེ་སྒྲུབ་པའི་བྱ་འགུལ་ཞིག་ཡིན་ལ། དེ་ལ“དྲུག་པའི་བོད་ཚོགས”ཡང་ཟེར། 2004ལོ་ནས་བཟུང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ལ། མིང་ལ“ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན”དུ་བསྒྱུར་ཡོད་ཅིང་། ད་ལྟའི་བར་སྐབས33བསྒྲུབས་ཟིན་ལ། སྒྱུ་རྩལ་དུས་ཆེན་འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་སུ་གཏོང་ཆེད་ལོ་རེར་བྱ་འགུལ་ཐེངས་གཅིག་རེ་སྤེལ་བཞིན་ཡོད། 
        ལོ་ལྔའི་འཆར་གཞི་བཅུ་བཞི་པ་མགོ་ཚུགས་པའི་ལོ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བ་མགོ་ཚུགས་པའི་ལོ་དང་། ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཤེས་རྟོགས། དོན་དངོས་སྒྲུབ་པའི་སློབ་སྦྱོང་སློབ་གསོ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100སླེབས་ལ་ཉེ་བའི་དུས་མཚམས་སུ་སྤེལ་བའི་བྱ་འགུལ་འདི་ལ་དོན་སྙིང་གལ་ཆེན་ལྡན་ནོ།  །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1