ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-15


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་གྲྭའི་རྣམས་གྲངས་ལ་སྐུལ་འདེད་དང་དེ་ལག་ལེན་བསྟར་རྒྱུ་བཀོད་སྒྲིག་བྱས་པ་དང་། གཞུང་བཙུགས་སྨན་ཁང་གི་ཐོབ་ཆའི་ལམ་ལུགས་བསྒྱུར་བཅོས་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། སྨན་དོན་མི་སྣའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་རྒྱུ་གཏན་འཁེལ་བྱས་ཡོད།
        གྲོས་ཚོགས་ཐོག ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ནང་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་ཅིག་གཏན་འཁེལ་བྱས་པ་དེ་དག ཚན་རྩལ་འགག་གཏོར་དང་། རྨང་གཞིའི་སྒྲིག་ཆས། འབྱུང་ཁམས་འཛུགས་སྐྱོང་། དམངས་འཚོའི་ཞན་ཆ་གསབ་རྒྱུ། རིག་གནས་རྒྱུད་འཛིན་གོང་འཕེལ་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད། ས་གནས་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རྣམ་གྲངས་ལག་བསྟར་གྱི་གྲ་སྒྲིག་ལེགས་པོ་བྱེད་པ་དང་། རྒྱབ་སྐྱོར་སྲིད་ཇུས་ཞིབ་ཕྲ་བཟོ་བ། རྣམ་གྲངས་མང་ཆེ་བ་རིམ་པས་ལས་འགོ་འཛུགས་པ་བཅས་བྱ་དགོས། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་གཏན་འཁེལ་མིན་པའི་རྒྱུ་རྐྱེན་དང་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་ཅུང་མང་བས། ཆུ་ཆེན་ཡུག་འདྲེན་ལྟ་བུའི་བྱ་ཐབས་མི་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷོང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བརྒྱུད། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་ཁམས་སུ་གནས་པ་བྱེད་དགོས་ཞེས་བསྟན་ཡོད། གྲོས་ཚོགས་ཐོག དཔལ་འབྱོར་ཆོས་ཉིད་དང་ཁྲོམ་རན་ཅན་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། རྨང་གཞི་བརྟན་གཏོང་དང་། བྱེད་ནུས་ཆེར་གཏོང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ། ཉེན་ཁ་འགོག་སྲུང་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུག་སྐྲུན་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་རྨང་གཞིའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་ཆབས་ཅིག ནུས་ལྡན་མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        གྲོས་ཚོགས་ཐོག རྒྱ་ཆེའི་སྨན་དོན་པས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་དམིགས་བསལ་ལེགས་སྐྱེས་ཕུལ་དང་འབུལ་མུས་རེད། གཞུང་བཙུགས་སྨན་ཁང་གི་ཐོབ་ཆའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། སྨན་དོན་པའི་ལུགས་མཐུན་གྱི་ཐོབ་ཆར་འགན་སྲུང་བྱས་ནས། ཁོང་ཚོས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཧུར་སེམས་སྔར་བས་སྐུལ་སློང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1