གཙོ་ངོས།>> ཤེས་བྱ།>>སློབ་གསོ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༧ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར།

 ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ལོ་རྒྱུས་རྩོམ་སྒྲིག་གཞུང་ལས་ཁང་།

  ལོ་མང་པོའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་ནས། རང་ཞིང་གི་འོས་འགན་སློབ་གསོའི"ཕལ་ཆེར་གཉིས"མཁྲེགས་གཏོར་ལས་འགན་སྒོ་ཀུན་ནས་ཡོངས་སུ་འགྲུབ་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་བ། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་བ།མི་དམངས་མང་ཚོགས་ཀྱིས་བུ་བུ་མོ"སློབ་གྲྭར་སྐྱེལ་དཀའ་བའི"གནད་དོན་ཕལ་ཆེར་ཐག་གཅོད་བྱུང་ཡོད་མོད། འོན་ཀྱང་རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱུ་མཚན། དཔལ་འབྱོར་འཕེལ་རྒྱས་ཆུ་ཚད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་སྒྲིག་གཞི་སོགས་རྒྱུ་མཚན་གྱི་ཤུགས་རྐྱེན་ཐེབས་པས། རང་ཞིང་གི་འོས་འགན་སློབ་གསོ་དེ་གྲོང་ཁྱེར་དང་གྲོང་གསེབ་བར་དང་རྫོང(ཆུའུ)ཁོངས་བར། སློབ་གྲྭ་བར་དུ་ད་རུང་ཁྱད་པར་ཅུང་ཆེན་པོ་གནས་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་ཐད་ཀྱི་དགོས་མཁོ་སྐོང་མི་ཐུབ་པ། མི་དམངས་མང་ཚོགས་ཀྱིས་བུ་བུ་མོ"སློབ་གྲྭ་བཟང་པོར་སྐྱེལ་བའི"རེ་འདུན་དང་ད་ཡོད་སློབ་གསོ་ཆ་རྐྱེན་བར་གྱི་འགལ་བ་སྔར་བཞིན་ཅུང་འབུར་དུ་ཐོན་པའི་རྐྱེན་གྱིས། ཞིང་ཆེན་ཡོངས་ཀྱི་རྨང་གཞི་སློབ་གསོ་ལས་དོན་སྒོ་ཀུན་ནས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་དང་ཚོད་འཛིན་བྱས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི《འོས་འགན་སློབ་གསོ་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱིས〈འོས་འགན་སློབ་གསོ་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱ་ཐབས》སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། འོས་འགན་སློབ་གསོ་འཕེལ་རྒྱས་ཆུ་ཚད་དང་སློབ་གསོ་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་གསོ་དྲང་སྙོམས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད། ད་ལྟ"ལྔའི་བཅུ་གཉིས་པའི"སྐབས་སུ་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་གཞིགས་ནས་གཤམ་གྱི་བསམ་འཆར་བཏོན་པ་སྟེ།

  གཅིག འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་གཙོ་བོ།

  (གཅིག) མཛུབ་སྟོན་བསམ་བློའི་སྐོར། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་སློབ་གསོ་བྱ་བའི་ཁྱོན་ཡོངས་སྤྱི་འདོམས་བྱས་ཏེ། "སྲ་བརྟན་དང་ལེགས་སྒྲིག ཁ་གསབ། མཐོར་འདེགས"བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཐོག "ས་ཁོངས་དོ་མཉམ་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་སྐྱོད་པ། རིགས་འབྱེད་མཛུབ་སྟོན་བྱེད་པ། ཧུར་ཐག་གིས་སྐུལ་འདེད་གཏོང་བ"བཅས་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང་ཞིང་སྡེ་འབྲོག་ཁུལ་གྱི་སློབ་གྲྭ་དང་མཁར་བརྡལ་གྱི་སློབ་གྲྭ་ཞན་པའི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པ་གཙོ་གནད་དུ་བརྩིས་ནས། ཚན་རིག་ལྟར་འཆར་འགོད་དང་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། ཁྱབ་གདལ་ཆུ་ཚད་སྒོ་ཀུན་ནས་མཐོར་འདེགས་གཏོང་བ་དང་སློབ་མར་དྲང་སྙོམས་ཀྱིས་སློབ་གསོ་ཐོབ་པའི་ཁེ་དབང་འགན་སྲུང་བྱེད་པར་དམིགས་ཏེ་འོས་འགན་སློབ་གསོའི་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་འཕེལ་རྒྱས་དང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བར་སྐུལ་འདེད་གཏོང་བ། རྒྱུ་སྤུས་སློབ་གསོ་ཤུགས་ཆེན་གྱིས་སྐུལ་སྤེལ་གཏོང་བ་བཅས་དམིགས་ཡུལ་བྱས་ཏེ། འོས་འགན་སློབ་གསོའི་སྤུས་ཚད་སྒོ་ཀུན་ནས་མཐོར་འདེགས་གཏོང་བ་དང་། སློབ་གསོ་དྲང་སྙོམས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

  (གཉིས) དམིགས་འབེན་གཙོ་བོའི་སྐོར། ལོ5ནས10བར་འབད་བརྩོན་བྱས་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་ཁུལ(ཏིས་དང་གྲོང་ཁྱེར)སོ་སོ་དང་རྫོང་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་གྲྭ་ཡིས་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་དང་དགེ་རྒན་ཆུ་ཚད། དོ་དམ་ཆུ་ཚད། སློབ་གསོ་སྤུས་ཚད་སོགས་ཀྱི་ཐད་དུ་ཕལ་ཆེར་དོ་མཉམ་ཡོང་བའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་པ་དང་། སློབ་གྲྭ་རེ་རེ་འབད་བརྩོན་གྱིས་འཛུགས་གཉེར་བཟང་པོ་བྱེད་པ། ལོ་རན་པོའི་བྱིས་པ་དང་ལོ་ཆུང་རེ་རེར་འདྲ་མཉམ་གྱིས་སློབ་གསོ་ཐོབ་པའི་གོ་སྐབས་དང་ཆ་རྐྱེན་འདོན་སྤྲོད་བྱས་ཏེ། གྲོང་ཁྱེར་དུ་གཞུང་གཉེར་འོས་འགན་སློབ་གསོའི་སློབ་གྲྭ་འདེམས་པ་དང་འཛིན་གྲྭའི་ནང་མི་གྲངས་མང་བའི་གནས་ཚུལ་སེལ་བར་འབད་བརྩོན་བྱེད་དགོས། 2012ལོའི་ལོ་མཇུག་ཏུ་བསླེབས་ཚེ། ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་། གཏེར་ལེན་ཁ་གྲོང་ཁྱེར་བཅས་ཀྱིས་རྫོང་ཁོངས་ནང་གི་འོས་འགན་སློབ་གསོ་ཐོག་མར་དོ་མཉམ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། 2015ལོར་ལོ་མཇུག་ཏུ་བསླེབས་ཚེ། མཚོ་ཤར་ས་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་རྫོང་སོ་སོ་དང་། མཚོ་ནུབ་ཁུལ་གྱི་རྫོང་སོ་སོ་ལྷག་འཕྲོ་ཡིས་ས་ཁོངས་ནང་གི་འོས་འགན་སློབ་གསོ་ཐོག་མར་དོ་མཉམ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། 2018ལོར་བསླེབས་ཚེ། མགོ་ལོག་ཁུལ་དང་ཡུའུ་ཧྲུའུ་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་རྫོང(ཆུའུ)སོ་སོས་ས་ཁོངས་ནང་གི་འོས་འགན་སློབ་གསོ་ཐོག་མར་དོ་མཉམ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། དེའི་རྨང་གཞིའི་ཐོག 2020ལོར་བསླེབས་ཚེ་ཞིང་ཆེན་ཡོངས་ཀྱི་རྫོང(ཆུའུ)ཚང་མས་ས་ཁོངས་ནང་གི་སློབ་གྲྭ་བཀོད་སྒྲིག་བྱེད་ཚུལ་དང་གྲོན་དངུལ་གཏོང་འཇོག དགེ་རྒན་བསྐོ་གཞག སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་བཅས་དོ་མཉམ་དུ་བཀོད་སྒྲིག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་། འོས་འགན་འགན་སྲུང་ཆུ་ཚད་ཇེ་བརྟན་དུ་མཐོར་འདེགས་གཏོང་བ། གྲོན་དངུལ་འཕེལ་རྒྱས་ཀྱི་འགན་སྲུང་ནང་རྐྱེན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ། སྤྱི་ཡོངས་ཀྱི་སློབ་གྲྭ་འཛུགས་གཉེར་ཆུ་ཚད་དང་སློབ་གསོ་སྤུས་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། འོས་འགན་སློབ་གསོའི་ཐད་སྤྱི་ཚོགས་ཡོངས་ཀྱི་ཡིད་ཚིམ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཁུལ(ཏིས་དང་གྲོང་ཁྱེར)སོ་སོས་ས་གནས་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག ཆ་རྐྱེན་ཅུང་བཟང་པོའི་རྫོང1ནས2གཏན་ཁེལ་བྱས་ནས་དཔེ་སྟོན་རྫོང་དུ་བརྩིས་ཏེ། སྔ་མོ་ནས་སྐུལ་འདེད་གཏོང་བ་དང་། ཉམས་མྱོང་གསོག་པ། གནད་གཅིག་གིས་ཁྱོན་ཡོངས་ལ་འཁྲིད་དགོས།

  གཉིས། སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་སྔར་ལས་ལྷག་པར་ལེགས་བཅོས་བྱེད་དགོས།

  (གཅིག) རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་བཟོ་འགོད་ཀྱི་འཆར་གཞི་གཏན་འབེབས་དང་དངོས་འབེབས་བྱེད་དགོས།

  ཞིང་ཆེན་སློབ་གསོ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་གྱི་གཞི་རྩའི་ཚད་གཞི》ཞིབ་འཇུག་དང་གཏན་འབེབས་བྱེད་པར་སྣེ་འཁྲིད་པ་མ་ཟད། ད་དུང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། མཛུབ་སྟོན། ལག་ལེན་བསྟར་བར་ལྟ་སྐུལ་བཅས་བྱེད་དགོས། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)སོ་སོའི་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་གྱི་གཞི་རྩའི་ཚད་གཞི》གཞིར་བཟུང་སྟེ། ཞིང་སྡེའི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་འཆར་གཞི་གཏན་འབེབས་བྱེད་པ་དང་། འཆར་གཞི་དང་གོ་རིམ་ལྡན་སྒོས་རྩ་འཛུགས་དང་ལག་བསྟར་བྱེད་དགོས། འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཐད་རྩ་དོན་ཐོག་ཁུལ་དང་རྫོང་ཁོངས་ནང་དུ་གཅིག་གྱུར་གྱིས་ཚད་གཞི་ལག་བསྟར་དང་འཆར་འགོད། ཇུས་འགོད། འཛུགས་སྐྲུན། དོ་དམ་བཅས་བྱེད་དགོས། 2015ལོར་བསླེབས་ཚེ། ཞིང་ཆེན་ཡོངས་ཀྱིས་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ50%ཡས་མས་ཕལ་ཆེར་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་གྱི་ཚད་གཞི་ཅན་དུ་བསླེབ་པ་དང་། དེའི་ནང་དུ་ཞིང་ཆེན་ལྟེ་གནས་ཟི་ལིང70%ཡན་ཆད་དུ་བསླེབ་པ། ཁུལ(ཏིས་དང་གྲོང་ཁྱེར)སྲིད་གཞུང་གནས་ཡུལ60%རུ་བསླེབ་དགོས། དེང་སྐབས། བཀོད་སྒྲིག་སྒྲིག་གཞི་ལེགས་སྒྲིག་དང་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་གཉེར་འོས་འཚམ་བྱས་པ་བརྒྱུད་ནས། གཙོ་བོ་རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་གཞི་ཁྱོན་ཆུང་བ་དང་ཞིང་ཁུལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མའི་འཚོ་བའི་སྒྲིག་བཀོད་ཆ་ཚང་མིན་པ་དང་། སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་ཚད་གཞིར་བསླེབས་མེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ཆེན་པོ་གསུམ་ཐག་གཅོད་དགོས།

  (གཉིས) འོས་འགན་སློབ་གསོའི་སློབ་གྲྭ་བཀོད་སྒྲིག་བྱེད་ཚུལ་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་དགོས།

  རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་ཁྲོད་ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང (ཆུའུ)སོ་སོས"ཉེ་འདབས་སུ་སློབ་གྲྭ་ཆུང་བར་ཞུགས་པ་དང་དམའ་རིམ་སློབ་འབྲིང་བལྟོས་བཅས་ཀྱིས་གཅིག་བསྡུས་བྱེད་པའི"རྩ་དོན་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་དང་མི་གྲངས་འགྱུར་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཐོག སློབ་གྲྭའི་བཀོད་སྒྲིག་བྱེད་ཚུལ་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་པ་དང་། དམིགས་ཡུལ་དང་འཆར་གཞི་ལྡན་སྒོས་ཁུལ་སྲིད་གཞུང་དང་རྫོང་སྲིད་གཞུང་གནས་ཡུལ་གྱི་སློབ་གྲྭ་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་བཏང་སྟེ། མཁར་བརྡལ་ཅན་གྱི་འཛུགས་སྐྲུན་དགོས་མཁོ་དང་བསྟུན་ཞིང་། འོས་འགན་སློབ་གསོའི་སློབ་གྲྭའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་དེ་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་འཆར་གཞིའི་ནང་དུ་བཀོད་དེ་མཉམ་དུ་འཛུགས་སྐྲུན་བྱེད་དགོས། སློབ་གྲྭའི་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྲིག་བྱེད་དུས་ས་གནས་དེའི་དོན་དངོས་དང་མང་ཚོགས་ཀྱི་འདོད་བློ་དང་ཟུང་འབྲེལ་བྱས་ཐོག སྔར་བཞིན་སོར་འཇོག་བྱེད་དགོས་པའི་སྡེ་བ་རིམ་པའི་སློབ་གྲྭ་ཆུང་བའམ་སློབ་ཁྲིད་བྱེད་ས་ལེགས་སྒྲུབ་བྱས་ཏེ། སྡེ་བ་རིམ་པའི་སློབ་གྲྭ་ཆུང་བ་དང་སློབ་ཁྲིད་བྱེད་ས་ལེགས་སྒྲིག་བྱས་པའི་རྐྱེན་གྱིས་སློབ་མས་སློབ་མཚམས་འཇོག་པ་དང་སློབ་གྲྭར་ཞུགས་དཀའ་བ་སོགས་ཀྱི་གནད་དོན་འབྱུང་བར་སྔོན་འགོག་བྱེད་དགོས།

  (གསུམ) ཞིང་སྡེའི་སློབ་གྲྭ་དང་མཁར་བརྡལ་གྱི་སློབ་གྲྭ་ཞན་པའི་མཁྲེགས་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

  སློབ་གྲྭ་འབྲིང་ཆུང་གི་ཁང་པ་ཉམས་གསོ་དང་སྒྱུར་བཀོད་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། གསར་དུ་སྣོན་པའི་སློབ་གྲྭ་འབྲིང་ཆུང་གི་ཉེན་ཁང་ལོ་དེར་ཁྱད་གསོད་བྱེད་དགོས། རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དེང་རབས་རྒྱང་རིང་སློབ་གསོ་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་བསྟུད་མར་སློབ་གསོ་དང་རྒྱང་རིང་སློབ་གསོ། ཚེ་གང་སློབ་སྦྱོང་བཅས་ཀྱི་དོ་དམ་དང་ཞབས་འདེགས་སྙོམས་སྟེགས་བཙུགས་ཏེ། སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་སྡེའི་སློབ་གསོ་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་སྡེ་འབྲོག་ཁུལ་གྱི་སློབ་གྲྭ་དང་མཁར་བརྡལ་གྱི་སློབ་གྲྭ་ཞན་པའི་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་། རྩིས་འཁོར་ཁང་སོགས་རྩོལ་ནུས་སློབ་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚོད་ལྟ་དཔྱད་ཆས་དང་སྒྲིག་ཆས། དཔེ་ཆའི་སྒྲིག་སྦྱོར་ཆུ་ཚད་མཐོར་འདེགས་གཏོང་དགོས། བཅའ་སྡོད་ལམ་ལུགས་སློབ་གྲྭའི་ཟ་ཁང་དང་སྤྱོད་ཁང་། བཏུང་ཆུའི་སྒྲིག་བཀོད། རྒྱུ་སྤུས་སློབ་གསོའི་རྟེན་གཞིའི་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་བསྣན་ཏེ། སློབ་གྲྭ་ཞན་པའི་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་སྒོ་ཀུན་ནས་ལེགས་བཅོས་བྱེད་དགོས།

  (བཞི) གྲོང་ཁྱེར(གྲོང་བརྡལ)གྱི་སྟོབས་ལྡན་སློབ་གྲྭ་ཡིས་རོང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭ་ལ་ཁྲིད་རོགས་བྱེད་པའི་རོགས་སྐྱོར་ནང་རྐྱེན་འཛུགས་དགོས།

  ཁུལ་དང་རྫོང་ཁོངས་ནང་དུ་མཁར་བརྡལ་གྱི་སྤུས་ལེགས་སློབ་གྲྭ་ཡིས་གཞི་རིམ་གྱི་སློབ་གྲྭ་ཞན་པར་རོགས་སྐྱོར་བྱེད་པའི་བྱ་བར་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར(གྲོང་བརྡལ)གྱི་སྤུས་ལེགས་སློབ་གྲྭ་གཅིག་གིས་ཞིང་སྡེ་འབྲོག་ཁུལ་གྱི་སློབ་གྲྭ་གཅིག་དང་ཡང་ན་སློབ་གྲྭ་མང་པོར་རོགས་སྐྱོར་བྱེད་པའི་ནང་རྐྱེན་འཚོལ་ཞིབ་དང་གསར་འཛུགས་བྱས་ཐོག རོང་འབྲོག་ཁུལ་གྱི་སློབ་གྲྭ་ཡིས་སྲིད་འཛིན་དོ་དམ་ལས་བྱེད་པ་དང་དགེ་རྒན་འདེམས་མངག་བྱས་ཏེ་མཁར་བརྡལ་གྱི་སྤུས་ལེགས་སློབ་གྲྭར་འགན་ཁུར་ནས་སློབ་ཁྲིད་དང་འགན་འཛིན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་ཡིས་དོ་དམ་མི་སྣ་དང་དགེ་རྒན་ཕན་ཚུན་མངག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རོང་འབྲོག་ཁུལ་གྱི་སློབ་གྲྭ་ཡིས་དོ་དམ་ཆུ་ཚད་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་རོགས་བྱེད་དགོས།

  (ལྔ) གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།

  ཕྱིར་འཐེན་དང་ཟླ་སྒྲིལ། སྒྱུར་བཀོད། མཉམ་འབྲེལ་སློབ་གྲྭ་གསར་འཛུགས་བཅས་བྱས་ཏེ་མཁར་བརྡལ་གྱི་སློབ་གྲྭ་ཞན་པ་གཞན་འགྱུར་དང་སྒྱུར་བཀོད་བྱེད་པ་དང་། ཆ་རྐྱེན་ལྡན་པའི་གྲོང་ཁྱེར་མངའ་ཁོངས་ཀྱིས་སྤུས་ལེགས་སློབ་གྲྭ་དང་སློབ་གྲྭ་ཞན་པ་དཔུང་སྦྲེལ་གྱི་དོ་དམ་སྒྲིག་སྲོལ་ཧུར་ཐག་གིས་འཚོལ་ཞིབ་དང་གསར་འཛུགས་བྱས་ཐོག དཔུང་སྦྲེལ་གྱི་མཉམ་འབྲེལ་སློབ་གྲྭར"སྡོམ་འཆིང་རྣམ་པ"སྤྱད་དེ་གདེང་འཇོག་བྱེད་པ་དང་། སྟོབས་ལྡན་སློབ་གྲྭ་ཡིས་སློབ་གྲྭ་ཞན་པ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་མཉམ་དུ་སྤྱོད་པ་དང་ཁྱད་སྟོབས་ཕན་ཚུན་གསབ་པ། མཉམ་དུ་འཕེལ་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

  (དྲུག) སློབ་གསོ་ཆ་འཕྲིན་ལག་རྩལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

  ས་ཁོངས་སྐུལ་འདེད་དང་སྤྱི་ཡོངས་ལག་བསྟར་དམིགས་འབེན་དུ་བརྩིས་ནས། གཅིག་གྱུར་གྱིས་འཆར་འགོད་དང་འཛུགས་སྐྲུན། ཨར་ལས་བཅས་བྱས་ཏེ་དུས་ཚོད་ཅུང་ཐུང་བའི་ནང་དུ་སློབ་གསོའི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་གསོའི་ཆ་འཕྲིན་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པའི་རྨང་གཞི་སློབ་གསོའི་ཐོན་ཁུངས་མཛོད་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས། བོད་རྒྱ་སྐད་གཉིས་སློབ་གསོའི་ཐོན་ཁུངས་གསར་སྤེལ་དང་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་གཏོང་དགོས། དེང་རབས་སློབ་གསོའི་ལག་རྩལ་གྱི་དགེ་རྒན་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ། དགེ་རྒན་གྱི་སློབ་གསོ་ལག་རྩལ་ནུས་པ་དང་ཆ་འཕྲིན་ལག་རྩལ་དང་སློབ་ཚན་ལེགས་སྒྲིག་བྱེད་ནུས་མཐོར་འདེགས་གཏོང་དགོས། ཆ་འཕྲིན་ལག་རྩལ་གྱི་རྐང་འཛིན་པ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། རྐང་འཛིན་དགེ་རྒན་དཔུང་སྡེ་དང་ལག་རྩལ་རྒྱབ་སྐྱོར་འགན་སྲུང་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཆ་འཕྲིན་ལག་རྩལ་སྒྲིག་བཀོད་ཀྱི་ཚད་གཞི་ཅན་འཛུགས་སྐྲུན་དང་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཕན་འབྲས་གདེང་འཇོག་བྱ་བ་སྒྲུབ་འགོ་བརྩམ་དགོས། སློབ་གསོ་དང་ཚན་རིག ཞིབ་འཇུག་བཅས་ཀྱི་བྱ་བར་ཤུགས་སྣོན་པ་དང་། དེང་རབས་རྒྱང་རིང་སློབ་གསོའི་ཕྱོགས་བསྡུས་རྩོལ་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དེང་རབས་རྒྱང་རིང་སློབ་གསོའི་སློབ་ཁྲིད་བེད་སྤྱོད་དང་སློབ་གསོ་སློབ་ཁྲིད་བྱེད་ཐབས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

  གསུམ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་དངོས་གནས་ཤུགས་བསྣན་ཏེ། དགེ་རྒན་སྤྱི་ཡོངས་ཀྱི་རྒྱུ་སྤུས་མཐོ་རུ་འདེགས་པ་དང་ཆེད་ལས་འཕེལ་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།

  (གཅིག) སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

  རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དགེ་རྒན་ནང་ཞུགས་འགག་སྒོ་ལེགས་སྲུང་བྱེད་དགོས་པ་དང་། དགེ་རྒན་གདན་འདྲེན་བྱེད་སྐབས་ངེས་པར་དུ"མངོན་གསལ་དུ་གདན་འདྲེན་པའི"རྩ་དོན་རྒྱུན་འཁྱོངས་བྱས་ཐོག་དགེ་རྒན་གྱི་ཐོབ་ཐང་ལྡན་པའི་མི་སྣའི་ནང་ནས་ལེགས་པོ་བདམས་ཏེ་གདན་ཞུས་སྐུལ་སྤྱོད་བྱེད་དགོས་པ། ཆ་རྐྱེན་འདྲ་བའི་འོག་དགེ་འོས་སློབ་གྲྭ་ཆེན་མོ་དང་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ་དམིགས་སུ་བཀར་ནས་བསམ་བློ་གཏོང་དགོས། སློབ་མའི་གྲངས་ཚད་འགྱུར་བའི་གནས་ཚུལ་གཞིར་བཟུང་སྟེ། སྒྲིག་གཞིའི་ཚད་གཞི་ལྟར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྒྲིག་གཞི་ལུགས་མཐུན་གྱིས་ཞིབ་བཤེར་གཏན་འབེབས་བྱེད་དགོས། སྒྲིག་གཞི་མི་འདང་བའི་ས་ཁུལ་དང་སློབ་གྲྭར་དུས་ཐོག་ཏུ་ཁ་གསབ་བསྐོ་གཞག་བྱེད་དགོས། ཞིབ་བཤེར་གཏན་འབེབས་བྱས་པའི་སྒྲིག་གཞིའི་བསྡོམས་གྲངས་ནང་དུ་རོང་འབྲོག་ཁུལ་གྱི་ཞང་དང་ཞང་མན་ཆད་ཀྱི་སློབ་གྲྭའི་དགེ་རྒན་སྒྲིག་གཞི་བཀོད་སྒྲིག་བྱེད་པར་གཟིགས་སྐྱོང་འོས་འཚམ་བྱེད་པ་དང་། གསར་དུ་སྣོན་པའི་དགེ་རྒན་གྱིས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་དགོས་མཁོ་དམིགས་སུ་བཀར་ནས་སྐོང་དགོས། རྒྱལ་ཁབ་ཀྱི"ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་དམིགས་འཛུགས་ལས་རྐང་གི་འཆར་གཞི"ལག་བསྟར་བཟང་པོ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁ་གསབ་ཐབས་ལམ་རྒྱུན་མ་ཆད་པར་རྒྱ་སྐྱེད་གཏོང་དགོས། རང་ཞིང་གི"དགེ་འོས་སློབ་གྲྭ་ཆེན་མོ་དང་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སློབ་མས་ལས་ཐོག་སློབ་གསོར་རོགས་སྐྱོར་དང་དངོས་སྦྱོང་བྱེད་པའི་འཆར་གཞི"སྔར་ལས་ལྷག་པར་དངོས་འབེབས་བྱས་ཏེ། དཔྱིད་སྟོན་དུས་ཚིགས་གཉིས་སུ་དགེ་འོས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་ལ་ཉེ་བའི་དགེ་འོས་སློབ་གྲྭ་ཆེན་མོ་དང་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སློབ་མ་བཀོད་སྒྲིག་བྱས་ཏེ་རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་ལས་ཐོག་དངོས་སྦྱོང་དང་སློབ་གསོར་རོགས་སྐྱོར་བྱེད་དགོས།

  (གཉིས) དགེ་རྒན་གྱི་རྒྱུ་སྤུས་མཐོར་འདེགས་ནང་རྐྱེན་འཛུགས་དགོས།

  དགེ་རྒན་གསོ་སྦྱོང་གི་གྲོན་དངུལ་འཇོག་ཚད་ཇེ་མང་དུ་གཏོང་བ་དང་། དགེ་རྒན་བསྟུད་མར་སློབ་གསོའི་གྲོན་དངུལ་འཕར་སྣོན་འོས་འཚམ་བྱེད་པ། སྤྱི་སྤྱོད་གྲོན་དངུལ་ནང་དུ་འགྲོ་སྒོ་གཏོང་དགོས། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་འབྲིང་ཆུང་གིས་སློབ་གྲྭའི་ལོ་འཁོར་སྤྱི་སྤྱོད་གྲོན་དངུལ་སྔོན་རྩིས་བསྡོམས་གྲངས་ཀྱི5%ལྟར་དགེ་རྒན་གསོ་སྦྱོང་གི་གྲོན་དངུལ་བཀོད་སྒྲིག་བྱེད་དགོས་པ་དང་། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་མཐོར་འདེགས་འོས་འཚམ་གཏོང་ཆོག འོས་འགན་སློབ་གསོ་དུས་རིམ་གྱི་དགེ་རྒན་གསོ་སྦྱོང་གི་དུས་ཡུན་འབྲིང་རིང་གི་འཆར་གཞི་གཏན་འབེབས་བྱེད་པ་དང་། ཞིང་ཆེན་དང་ཁུལ(ཏིས་དང་གྲོང་ཁྱེར)རིམ་པའི་འོས་འགན་སློབ་གསོའི་དགེ་རྒན་གསོ་སྦྱོང་ཆེད་དོན་གྲོན་དངུལ་འཛུགས་པ། ལོ5རེར་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱིས་གསོ་སྦྱོང་བྱས་པའི་རྐང་འཛིན་དགེ་རྒན་ཐ་དད་དུ་ཆེད་བསྐོས་དགེ་རྒན་གྱི10%རུ་བསླེབ་དགོས། སློབ་གཉེར་བརྒྱུད་རིམ་མཐོར་འདེགས་གཏོང་བའི་བྱ་དགའི་ཁ་གསབ་བྱེད་ཐབས་གཏན་འབེབས་བྱས་ཏེ། རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་རིག་གཞུང་དགེ་རྒན་ལྷག་མས་རིག་གཞུང་དཀོན་པའི་ཁ་ཕྱོགས་སུ་སློབ་གཉེར་བརྒྱུད་རིམ་མཐོར་འདེགས་གཏོང་བར་སྐུལ་བསྟོད་བྱེད་པ་དང་། དེ་ལས་ལྷག་པར་རིག་གཞུང་གི་སྒྲིག་གཞི་ལུགས་དང་མི་མཐུན་པའི་གནས་ཚུལ་ལེགས་བཅོས་བྱེད་དགོས། བསྟུད་མར་སློབ་གསོ་བཏང་བ་བརྒྱུད་ནས། 2015ལོར་བསླེབས་ཚེ། རོང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་བའི་དགེ་རྒན70%ཡན་ཆད་དེ་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་དུ་བསླེབ་པ་དང་། དམའ་རིམ་སློབ་འབྲིང་གི་དགེ་རྒན60%དེ་དངོས་སྦྱོང་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་དུ་བསླེབ་པར་འཇུག་དགོས། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་མཐོར་འདེགས་ཅུང་ཆེན་པོ་འབྱུང་དགོས།

  (གསུམ) སློབ་གྲྭ་འབྲིང་ཆུང་གི་སློབ་གཙོ་དང་དགེ་རྒན་ཕན་ཚུན་བརྗེ་རེས་ནང་རྐྱེན་འཛུགས་དགོས།

  མཁར་བརྡལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དུས་བཅད་ལྟར་ཞིང་སྡེ་འབྲོག་ཁུལ་དུ་སོང་ནས་སློབ་གསོར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་གཙོ་ཡིས་དུས་བཅད་ལྟར་ལས་གནས་བརྗེ་རེས་བྱེད་པའི་ལམ་ལུགས་རིམ་བཞིན་ཁྱབ་སྤེལ་བྱས་ཏེ། སློབ་གྲྭ་གཅིག་པར་འགན་ཁུར་ནས་ལོ6ལོན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཙོ་ཡིས་རྩ་དོན་ཐོག་རང་གི་ས་ཁུལ་གྱི་རྫོང(ཆུའུ)ནང་དུ་ལས་གནས་བརྗེ་རེས་བྱེད་དགོས་པ་དང་། སློབ་ལོ་རེར་རྫོང(ཆུའུ)ཁྱབ་ཁོངས་ནང་གི་དགེ་རྒན་བརྗེ་རེས་བྱེད་རྒྱ་དེ་བརྗེ་རེས་བྱེད་དགོས་པའི་མི་གྲངས་ཀྱི10%རུ་བསླེབ་པ། སྐབས(སྐོར)རེའི་བརྗེ་རེས་དུས་ཡུན་ལོ2ཡིན། ལོ་ཧྲིལ་བོ50ཐམ་པ་ལོན་པའི་སྐྱེས་པ་སློབ་གཙོ་དང་སྐྱེས་པ་དགེ་རྒན་དང་། ལོ་ཧྲིལ་བོ45ལོན་པའི་སྐྱེས་མ་སློབ་གཙོ་དང་སྐྱེས་མ་དགེ་རྒན། ལོ་འཁོར་དཔྱད་ཞིབ་བྱེད་སྐབས་ཕལ་ཆེར་ཚད་དང་མི་མཐུན་པ་དང་དེའི་མན་ཆད་རིམ་པའི་མི་སྣ། ཡང་བསྐྱར་ལས་གནས་ལ་ཞུགས (ལས་གནས་སྒྱུར་བ)ནས་ལོ1མ་ལོན་པའི་མི་སྣ་བཅས་བརྗེ་རེས་བྱེད་པའི་ཁྱབ་ཁོངས་ནང་འཇོག་རྒྱུ་མིན། བརྗེ་རེས་དགེ་རྒན་གྱི་མི་དོན་དང་ཟླ་ཕོགས་དཔང་ཡིག་སྔར་གྱི་སྡེ་ཚན་དུ་སོར་བཞག་བྱས་ཏེ་འགྱུར་བ་མེད། མཐོ་རིམ་དགེ་རྒན་གྱི་གོ་གནས་སྤར་བ་དང་དགེ་རྒན་ཕུལ་བྱུང་ཅན་དང་དགེ་རྒན་དམིགས་བསལ་ཅན་དཔྱད་བསྡུར་བྱེད་སྐབས་མཁར་བརྡལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་ཞིང་སྡེའི་སློབ་གྲྭར་དགེ་རྒན་གྱི་འགན་ཁུར་ནས་ལོ་གཅིག་ཡན་ཆད་ལོན་པའི་བརྒྱུད་རིམ་ལྡན་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དམིགས་བསལ་ཅན་དང་སློབ་ཁྲིད་དགེ་རྒན་མིང་གྲགས་ཅན། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་པ་བཅས་ཞིང་སྡེའི་སློབ་གྲྭར་སོང་ནས་དུས་བཅད་ལྟར་སློབ་ཁྲིད་དང་སློབ་གསོར་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་ཞིང་སྡེའི་སློབ་གཙོ་དང་དགེ་རྒན་གྲོང་ཁྱེར་གྱི་སློབ་གྲྭར་སོང་ནས་འགན་ཁུར་བ་དང་གསོ་སྦྱོང་བྱེད་པའི་ལམ་ལུགས་སྔར་ལས་ལྷག་པར་ཇེ་དྲག་ཏུ་གཏོང་དགོས།

  (བཞི) རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་དགོས།

  སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། དགེ་རྒན་གྱི་ཟླ་ཕོགས་དང་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་གླ་ཕོགས་དང་སྨན་བཅོས་ཉེན་སེལ། སྡོད་ཁང་གི་སྤྱི་གསོག་མ་དངུལ་སོགས་ཕན་བདེའི་ཐོབ་ཐང་འདང་ངེས་ཤིག་ས་གནས་ནོར་སྲིད་སྔོན་རྩིས་ནང་དུ་འགོད་དགོས། འོས་འགན་སློབ་གསོའི་བྱས་རྗེས་དང་ལས་ཆོད་ཟླ་ཕོགས་དེས་རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་ཁྲིད་འཐབ་ཕྱོགས་དང་པོའི་དགེ་རྒན། པན་ཀྲུའུ་རིན་བཅས་ལ་གཟིགས་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་དགེ་རྒན་གྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དངོས་འབེབས་བྱེད་པ། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)ཁོངས་ནང་གི་འོས་འགན་སློབ་གསོའི་དགེ་རྒན་གྱི་བྱས་རྗེས་དང་ལས་ཆོད་ཟླ་ཕོགས་ཕལ་ཆེར་དོ་མཉམ་ཡོང་བའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་གྱི་ཡོང་སྒོ་ཁྱད་པར་ཇེ་ཆུང་དུ་གཏོང་དགོས། དོན་ལས་སྡེ་ཚན་གྱི་ལས་གནས་སྒྲིག་འཛུགས་དང་དོ་དམ་བྱེད་སྐབས། འབྲིང་མཐོ་རིམ་པའི་ཆེད་ལས་ལག་རྩལ་ལས་གནས་འཛུགས་པ་དེས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་གཟིགས་སྐྱོང་བྱེད་དགོས། རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་དགེ་རྒན་ཆེད་ལས་ལག་རྩལ་གོ་གནས་ཞུ་སྐབས། རིམ་པ་འདྲ་བའི་ཆ་རྐྱེན་འོག་དམིགས་སུ་བཀར་ནས་བསམ་བློ་གཏོང་དགོས། ཟླ་ཕོགས་སྲིད་ཇུས་ཐོག་བསྡུ་ལེན་བྱས་ཏེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དཀའ་སྤྱད་མཐའ་འཁོབ་ཀྱི་ས་ཁུལ་དང་ཡང་ན་རྒྱལ་ཁབ་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་དུ་བྱ་བ་སྒྲུབ་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ་སོ་སོར་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་དགོས།

  བཞི། དབུལ་ཕོངས་དང་ཉམ་ཞན་ཚོགས་སྤྱིའི་སློབ་མར་དོ་སྣང་བྱས་ཏེ། སློབ་གསོ་དྲང་སྙོམས་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས།

  (གཅིག) དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་རོགས་རམ་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས།

  ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་བཅོས་སྒྱུར་སྔར་ལས་ལྷག་པར་ཟབ་སྤེལ་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མའི་འགྲོ་སོང་སྣ་ཚོགས་ལེན་མི་དགོས་པ་དང་སློབ་དེབ་ཀྱི་གྲོན་དངུལ་ལེན་མི་དགོས་པའི་རྨང་གཞིའི་ཐོག ས་གནས་ཀྱི་སློབ་དེབ་དང་སློབ་ཁང་གི་སྦྱོང་དེབ་ཀྱི་གྲོན་དངུལ་ལེན་མི་དགོས་པའི་ལམ་ལུགས་རིམ་བཞིན་ཁྱབ་གདལ་གཏོང་དགོས་པ་དང་། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭར་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་དང་བཅའ་སྡོད་མིན་པའི་ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཞུགས་རོགས་དངུལ་གསབ་པའི་ཚད་གཞི་དང་ཁྱབ་ཁོངས་རིམ་བཞིན་མཐོར་འདེགས་དང་རྒྱ་སྐྱེད་གཏོང་དགོས། གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་གི་བཅོས་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གཉེར་རོགས་སྐྱོར་བྱེད་དངུལ་ཞལ་འདེབས་འབུལ་བར་སྐུལ་བསྟོད་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་འོས་འགན་སློབ་གསོ་ཐོབ་པར་རོགས་བྱེད་དགོས།

  (གཉིས) གྲོང་ཁྱེར་དུ་སོང་བའི་གླ་རྒྱག་ཞིང་པའི་བུ་བུ་མོ་དང་ཞིང་སྡེར་གཞིས་སྲུང་བའི་བྱིས་པར་འོས་འགན་སློབ་གསོ་ཐོབ་པར་འགན་སྲུང་བྱེད་དགོས།

  "འགྲོ་སའི་སྲིད་གཞུང་གིས་དོ་དམ་བྱེད་པ་གཙོ་བྱེད་པ་དང་གཞུང་གཉེར་སློབ་གྲྭ་འབྲིང་ཆུང་ལ་ཞུགས་པ་གཙོ་བྱེད་པའི"རྩ་དོན་རྒྱུན་འཁྱོངས་བྱས་ཐོག གྲོང་ཁྱེར་དུ་སོང་བའི་གླ་རྒྱག་ཞིང་པའི་བུ་བུ་མོའི་འོས་འགན་སློབ་གསོ་བྱ་བ་དེ་སློབ་གསོ་འཕེལ་རྒྱས་འཆར་གཞི་དང་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་སྲིད་ཇུས་ནང་དུ་བཀོད་ནས། གྲོང་ཁྱེར་དུ་སོང་བའི་གླ་རྒྱག་ཞིང་པའི་བུ་བུ་མོར་འོས་འགན་སློབ་གསོ་ཐོབ་པའི་ཁེ་དབང་འགན་སྲུང་བྱེད་དགོས། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་སློབ་གསོ་དང་བུད་མེད་ལྷན་ཚོགས། གུང་གཞོན་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཁག་དང་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་ཏེ། ཞིང་སྡེར་གཞིས་སྲུང་བའི་བྱིས་པའི་བསམ་བློ་དང་སློབ་སྦྱོང་། འཚོ་བ། སེམས་ཁམས་སོགས་ཐད་ཀྱི་དཀའ་ངལ་དང་གནད་དོན་ནུས་ཡོད་ཀྱིས་ཐག་གཅོད་དགོས།

  (གསུམ) དབང་པོ་སྐྱོན་ཅན་གྱི་བྱིས་པ་ལོ་ཆུང་ལ་འོས་འགན་སློབ་གསོ་ཐོབ་པར་འགན་སྲུང་བྱེད་དགོས།

  སློབ་གསོ་དམིགས་བསལ་ཅན་གྱི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སློབ་གསོ་དམིགས་བསལ་ཅན་གྱི་སློབ་གྲྭའི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་གྱི་ཚད་གཞི་ཅན་རྒྱུན་མ་ཆད་པར་སྐུལ་འདེད་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་བྱིས་པ་ལོ་ཆུང་གི་ལུས་གསོ་དང་སློབ་གསོའི་རྩོལ་ནུས་འཐུས་ཚང་དུ་གཏོང་དགོས། སློབ་གསོ་དཀྱུས་མའི་སློབ་གྲྭ་ཡིས་དབང་པོ་སྐྱོན་ཅན་གྱི་བྱིས་པ་ལོ་ཆུང་དང་ལེན་བྱས་ཏེ་འཛིན་གྲྭར་ཞུགས་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། སློབ་གསོ་དམིགས་བསལ་ཅན་གྱི་སློབ་ཁྲིད་བྱ་བའི་ཞིབ་འཇུག་ལ་དངོས་གནས་ཤུགས་སྣོན་པ་དང་། སློབ་གསོ་དམིགས་བསལ་ཅན་གྱི་སློབ་ཁྲིད་སྤུས་ཚད་འབད་བརྩོན་གྱིས་མཐོར་འདེགས་བཏང་སྟེ། བྱིས་པ་ལོ་ཆུང་དམིགས་བསལ་ཅན་ལ་དྲང་སྙོམས་ཀྱིས་འོས་འགན་སློབ་གསོ་ཐོབ་པའི་ཁེ་དབང་འགན་སྲུང་བྱེད་དགོས།ཧུར་ཐག་གིས་ཆ་རྐྱེན་གསར་སྐྲུན་བྱས་ཏེ། འོས་འགན་སློབ་གསོའི་ལས་འགན་ཡོངས་འགྲུབ་བྱས་མེད་པའི་ལོ་ཆུང་ཉེས་ཅན་དང་བཙན་ཤེད་རང་བཞིན་གྱི་སློབ་གསོ་བྱེད་ཐབས་ལག་བསྟར་བྱ་ཡུལ་ལོ་ན་མ་སོན་པའི་མི་ལ་འོས་འགན་སློབ་གསོ་གཏོང་དགོས།

  ལྔ། རྒྱུ་སྤུས་སློབ་གསོ་ཤུགས་ཆེན་གྱིས་ལག་བསྟར་དང་སློབ་གསོའི་སྤུས་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། སློབ་མ་ཕྱོགས་ཡོངས་ནས་འཕེལ་བར་སྐུལ་འདེད་གཏོང་དགོས།

  (གཅིག) སྤྱོད་ལམ་སློབ་གསོའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སློབ་མའི་བསམ་བློའི་ཀུན་སྤྱོད་རྒྱུ་སྤུས་མཐོར་འདེགས་གཏོང་དགོས།

  《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ན་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་འགའ》(ཀྲུང་སྤེལ范2004贩ཡིག་ཨང8པ)ནན་ཏན་གྱིས་ལག་བསྟར་བྱས་ཐོག སྤྱོད་ལམ་བྱ་བ་དེ་རྒྱུ་སྤུས་སློབ་གསོའི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་ཁྲིད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱོད་ལམ་བྱ་བའི་དམིགས་སའི་རང་བཞིན་དང་གོ་ཆོད་པའི་ཡུན་ཚད་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། སྤྱོད་ལམ་ལག་ལེན་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རིམ་བཞིན་སློབ་མ་འཚར་ལོངས་དང་ལག་ལེན་བྱ་འགུལ་སྤེལ་བ་དང་མཐུན་པའི་གནས་ཡུལ་གྱི་སྒོ་འབྱེད་གྲོན་དངུལ་ལེན་མི་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་སྔར་ལས་ལྷག་པར་ཤུགས་སྣོན་པ་དང་། སློབ་མའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་པའི་ཁོར་ཡུག་འབད་བརྩོན་གྱིས་གསར་སྐྲུན་དང་ལེགས་སྒྱུར་བྱས་ཏེ། རྒྱ་ཆེའི་སློབ་མའི་བསམ་བློའི་ཀུན་སྤྱོད་ཆུ་ཚད་དང་ཕྱོགས་བསྡུས་རྒྱུ་སྤུས་མཐོར་འདེགས་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་སྤྱོད་ལམ་བྱ་བ་གདེང་འཇོག་དང་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ལམ་ལུགས་བཙུགས་ཏེ། 《མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་སློབ་གྲྭ་འབྲིང་ཆུང་གི་སྤྱོད་ལམ་གདེང་འཇོག་བྱེད་པའི་སྐོར་གྱི་བྱ་ཐབས》དང《གདེང་འཇོག་སྒྲིག་སྲོལ་ཞིབ་ཕྲ》ཡི་བླང་བྱ་སྣ་ཚོགས་ལྟར། དུས་བཅད་ལྟར་སློབ་གྲྭ་འབྲིང་ཆུང་གི་སྤྱོད་ལམ་བྱ་བ་གདེང་འཇོག་བྱས་ཏེ། སློབ་གྲྭའི་སྤྱོད་ལམ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

  (གཉིས) རྒྱུ་སྤུས་སློབ་གསོ་ཏན་ཏིག་གིས་སྐུལ་སྤེལ་དང་སློབ་ཁྲིད་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། སློབ་མ་ཕྱོགས་ཡོངས་ནས་འཚར་ལོངས་བྱུང་བར་སྐུལ་འདེད་གཏོང་དགོས།

  རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་བྱ་བ་དོ་དམ་བྱེད་པར་དངོས་གནས་ཤུགས་སྣོན་དགོས་པ་དང་། རྒྱུ་སྤུས་སློབ་གསོའི་བླང་བྱ་ལྟར་སློབ་གྲྭ་འཕེལ་རྒྱས་དང་དགེ་རྒན་འཚར་ལོངས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བར་ཕན་པ་ཡོད་པའི་གདེང་འཇོག་ནང་རྐྱེན་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་དང་། སློབ་མས་སློབ་སྦྱོང་དང་འཚར་ལོངས་བྱེད་པའི་ཕྱོགས་བསྡུས་རྒྱུ་སྤུས་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། ས་གནས་སོ་སོའི་འོས་འགན་སློབ་གསོའི་ཆུ་ཚད་ཧྲིལ་བོ་དང་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། དུས་བཅད་ལྟར་སློབ་ཁྲིད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་བྱེད་དགོས། སློབ་ཁྲིད་ཞིབ་འཇུག་སྡེ་ཁག་གིས་རྒྱུན་མ་ཆད་པར་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བ་དེ་ལས་འགན་དང་པོར་བརྩིས་ནས། སློབ་གསོ་དང་སློབ་ཁྲིད་ལ་ཞིབ་འཇུག་བྱེད་པར་དངོས་གནས་ཤུགས་སྣོན་པ་དང་། ལྷག་པར་དུ་རོང་འབྲོག་ཁུལ་གྱི་སློབ་གྲྭ་དང་སློབ་གྲྭ་ཞན་པའི་མཛུབ་སྟོན་དང་རོགས་སྐྱོར་བྱེད་ཤུགས་ལ་ཤུགས་སྣོན་དགོས། སློབ་གྲྭ་འབྲིང་ཆུང་སོ་སོས་རྒྱུན་མ་ཆད་པར་སློབ་གསོའི་འདུ་ཤེས་གསར་སྒྱུར་བྱས་ཏེ། རྒྱུ་སྤུས་སློབ་གསོའི་བླང་བྱ་དེ་སློབ་ཁྲིད་བྱ་བའི་ལྷུ་ཚིགས་སོ་སོར་དངོས་འབེབས་བྱེད་དགོས་པ་དང་། སློབ་ཁྲིད་བྱེད་སྟངས་བཅོས་སྒྱུར་བྱེད་པར་དོ་སྣང་བྱས་ཏེ་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བར་དམ་འཛིན་བྱེད་དགོས། ཕྱོགས་བསྡུས་ལག་ལེན་སློབ་ཚན་གྱི་སློབ་ཁྲིད་ལ་ཤུགས་བསྣན་ཏེ། སློབ་མའི་གསར་སྐྲུན་དོན་སྙིང་དང་ལག་ལེན་ནུས་པ་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉི་འོད་ལུས་རྩལ་ཧུར་ཐག་གིས་སྤེལ་ཏེ། སློབ་མའི་ཕྱོགས་བསྡུས་རྒྱུ་སྤུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།

  (གསུམ) སློབ་ཁྲིད་བྱེད་ཁྲོད་སློབ་གསོ་ཆ་འཕྲིན་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སློབ་ཁྲིད་འོད་སྡེར་སྟོན་པ་དང་འཁོར་སྐར་ས་ངོས་བསྡུ་ལེན་ས་ཚིགས། སྨྱན་མང་གཟུགས་སློབ་ཁང་བཅས་རྣམ་པ་གསུམ་བེད་སྤྱོད་གང་ལེགས་བྱས་ཏེ། ཆ་འཕྲིན་ལག་རྩལ་དང་སློབ་ཚན་སློབ་ཁྲིད་བྱེད་ཁྲོད་སློབ་གསོ་འདུ་ཤེས་དང་སློབ་ཁྲིད་ནང་དོན། སློབ་ཁྲིད་རྣམ་པ། སློབ་ཁྲིད་ཐོན་ཁུངས། སློབ་གསོ་ལག་རྩལ་བཅས་ལེགས་སྒྲིག་བྱེད་པར་ཤུགས་སྣོན་པ་དང་། སློབ་ཁྲིད་བྱེད་ཁྲོད་ཆ་འཕྲིན་ལག་རྩལ་གྱི་ཕན་འབྲས་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས། ས་ཁུལ་ཁ་ཤས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་པ་མི་བཟང་བའི་དོན་དངོས་ལ་གཞིགས་ཏེ། ཆ་འཕྲིན་ལག་རྩལ་དང་སློབ་ཚན"ཁ་ཁ་སོ་སོའི"གནད་དོན་ཐག་གཅོད་པ་དང་། གཉིས་ཅན་མཉམ་འདྲེས་གཅིག་གྱུར་བྱེད་པ། ནང་སྒོས་སུ་ཆ་འཕྲིན་ལག་རྩལ་དེ་སློབ་ཁྲིད་ཀྱི་རྒྱུ་རྐྱེན་གཙོ་བོར་མཐོར་འདེགས་གཏོང་བ་དང་། ཆ་འཕྲིན་ལག་རྩལ་དེ་སློབ་མའི་ངོས་འཛིན་ཡོ་བྱད་དུ་བརྩིས་ནས་སློབ་ཚན་སོ་སོའི་སློབ་ཁྲིད་བྱེད་ཁྲོད་ལེགས་སྒྲིག་བྱས་ཏེ། ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སློབ་ཚན་སློབ་ཁྲིད་བྱེད་པ་དང་། སློབ་ཁྲིད་རྣམ་པ་ལེགས་སྒྱུར་བྱེད་པ། སློབ་ཁྲིད་ཕན་འབྲས་མཐོར་འདེགས་གཏོང་དགོས། རྣམ་པ་སྣ་ཚོགས་བེད་སྤྱད་དེ་དྲ་རྒྱའི་རྒྱབ་ལྗོངས་འོག་སློབ་གསོ་དང་སློབ་ཁྲིད་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བར་ཆ་འཕྲིན་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། སློབ་གསོ་དང་སློབ་ཁྲིད་ཐོན་ཁུངས་འཁོར་སྐྱོད་དང་མཉམ་སྤྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ། བཀག་སྡོམ་མེད་པར་བཟོ་བ། གཅིག་གྱུར་གྱིས་འཆར་གཞི་འགོད་པར་ཤུགས་བསྣན་ཏེ། སློབ་གསོའི་ཐོན་ཁུངས་ནུས་ཡོད་ཀྱིས་ལེགས་སྒྲིག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

  དྲུག འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་སྟེ། འོས་འགན་སློབ་གསོ་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་དགོས།

  (གཅིག) འོས་འགན་སློབ་གསོའི་གྲོན་དངུལ་འཇོག་ཚད་ཁྲིམས་ལྟར་ཇེ་མང་དུ་གཏོང་དགོས། ས་གནས་སོ་སོའི་སྲིད་གཞུང་གིས་སློབ་གསོའི་གྲོན་དངུལ་འཇོག་པར་གཙིགས་འཛིན་བྱས་ཏེ། སློབ་གསོའི་གྲོན་དངུལ་འཇོག་པའི"འཕར་བ་གསུམ"ཁྲིམས་ལྟར་ཁག་ཐེག་བྱེད་དགོས། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་སྤྱི་སྤྱོད་གྲོན་དངུལ་འགན་སྲུང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། འོས་འགན་སློབ་གསོ་དུས་རིམ་གྱི་སྤྱི་སྤྱོད་གྲོན་དངུལ་དེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་གཞི་རྩའི་རྒྱས་བཅད་ཚད་གཞི་ལས་མི་དམའ་བ་དང་རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་དང་ཁུལ(ཏིས་དང་གྲོང་ཁྱེར)། རྫོང་རིམ་པ་གསུམ་གྱི་སྲིད་གཞུང་གི་སློབ་གསོའི་གྲོན་དངུལ་འཇོག་ཚད་འཕར་བར་ལྟ་ཞིབ་ཚད་ལེན་དང་གདེང་འཇོག ཁྱབ་སྒྲོག་བཅས་བྱེད་པའི་ལམ་ལུགས་འཛུགས་པ་དང་། བྱ་དགས་གསབ་པའི་རྣམ་པ་སྤྱད་དེ་ས་གནས་སོ་སོས་སློབ་གསོའི་གྲོན་དངུལ་འཇོག་ཚད་རྒྱུན་མ་ཆད་པར་ཇེ་མང་དུ་གཏོང་བར་སྐུལ་བསྟོད་བྱས་ཏེ། སྔོན་རྩིས་ནང་སློབ་གསོའི་གྲོན་དངུལ་འགྲོ་སྒོ་དེས་ནོར་སྲིད་འགྲོ་སྒོ་ཟིན་པའི་བསྡུར་ཚད་ལོ་རེར་འཕར་སྣོན་མངོན་གསལ་འབྱུང་བར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་དང་གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་གྲོན་དངུལ་སྤོ་སྤྲོད་བྱེད་ཚད་ཇེ་ཆེར་གཏོང་དགོས།

  (གཉིས) དངོས་སུ་བཏོན་པའི་འོས་འགན་སློབ་གསོའི་གྲོན་དངུལ་གྲབས་གསོག་སྲིད་ཇུས་སྒོ་ཀུན་ནས་དངོས་འབེབས་བྱེད་དགོས།

  ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)སོ་སོའི་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དངོས་སུ་བཏོན་པའི་ཐབས་ལམ་མང་པོ་ནས་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་གྲབས་གསོག་བྱེད་པའི་སྲིད་ཇུས་སྣ་ཚོགས་ཇི་མ་ཇི་བཞིན་དངོས་འབེབས་བྱེད་དགོས། གྲོང་ཁྱེར་གྱི་སློབ་གསོ་ཟུར་སྣོན་གྲོན་དངུལ་འདང་ངེས་ཤིག་བསྡུ་ལེན་བྱས་ཏེ་གཙོ་བོ་འོས་འགན་སློབ་གསོའི་ཐད་སྤྱོད་དགོས། གྲོང་ཁྱེར་གྱི་འཛུགས་སྐྲུན་ཆ་ཚང་སྡེབ་སྒྲིག་གི་གྲོན་དངུལ་འདང་ངེས་ཤིག་བསྡུ་ལེན་བྱས་ཏེ། དེའི་ནང་དུ་སློབ་གསོའི་ཐད་སྤྱོད་པའི་གྲོན་དངུལ་སྐོར་ཞིག་དེས། གཙོ་བོ་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་འབྲིང་ཆུང་གི་ཉེན་ཁང་སྒྱུར་བཀོད་དང་རྨང་གཞི་སྒྲིག་བཀོད་ཆ་ཚང་སྡེབ་སྒྲིག་གི་འཛུགས་སྐྲུན་ཐད་སྤྱོད་དགོས།རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཐད་གྲོན་དངུལ་འཇོག་ཚད་སྔར་ལས་ལྷག་པར་ཇེ་མང་དུ་གཏོང་བ་དང་། ཀྲུང་དབྱང་གི་ཆེད་དོན་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་བཟང་པོ་བྱེད་པ། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)གིས་བསྡུར་ཚད་ལྟར་ཆ་ཚང་སྡེབ་སྒྲིག་གི་མ་དངུལ་དངོས་འབེབས་བྱེད་དགོས། རིམ་པ་སོ་སོའི་སློབ་ཁྲིད་ཞིབ་འཇུག་སྡེ་ཁག་གི་འོས་འགན་སློབ་གསོའི་སློབ་ཁྲིད་ཞིབ་འཇུག་གྲོན་དངུལ་འཇོག་ཚད་ཇེ་མང་དུ་གཏོང་བ་དང་། སློབ་ཁྲིད་ཞིབ་འཇུག་གྲོན་དངུལ་ལ་ལས་གཞི་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་མ་ཟད། ད་དུང་སྲིད་གཞུང་གི་སྤྱི་པའི་ནོར་སྲིད་འགན་སྲུང་ཁྱབ་ཁོངས་ནང་དུ་འཇོག་དགོས།

  (གསུམ) འོས་འགན་སློབ་གསོའི་གྲོན་དངུལ་དོ་དམ་ལ་ཤུགས་བསྣན་ཏེ། གཏོང་འཇོག་གི་ཕན་འབྲས་མཐོར་འདེགས་གཏོང་དགོས།

  རིམ་པ་སོ་སོའི་ནོར་སྲིད་དང་རྩིས་བཤེར། སློབ་གསོ་བཅས་སྡེ་ཁག་གིས་འོས་འགན་སློབ་གསོའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཚད་ཇེ་ཆེར་གཏོང་བ་དང་། འོས་འགན་སློབ་གསོའི་ལས་གཞི་མ་དངུལ་གྱི་བྱས་རྗེས་དང་ལས་ཆོད་ལ་དཔྱད་བསྡུར་བྱེད་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་སོ་སོས་ནང་ཁུལ་གྱི་ནོར་དོན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱེད་ཚད་ཇེ་ཆེར་གཏོང་དགོས། ནོར་དོན་དོ་དམ་ལས་ཁུངས་ཇེ་དྲག་ཏུ་གཏོང་བ་དང་། ཆེས་ལས་མི་སྣ་བསྐོ་གཞག་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་པ་དང་། མ་དངུལ་བེད་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་དགོས།

  བདུན། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་རྩ་འཛུགས་འགོ་ཁྲིད་དང་ལྟ་སྐུལ་མཛུབ་སྟོན། གདེང་འཇོག་བཅས་ལ་ཤུགས་སྣོན་དགོས།

  (གཅིག) རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས།

  ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)སོ་སོའི་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་འགན་འཁྲི་དངོས་གནས་འཁུར་དགོས་པ་དང་། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བ་དེ་རང་གི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་འཆར་གཞིའི་ནང་དུ་བཀོད་ནས་དམིགས་འབེན་དོ་དམ་བྱེད་དགོས། ཞིང་ཆེན་སློབ་གསོ་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན། མཐུན་སྦྱོར་བཅས་བྱེད་པའི་འགན་འཁུར་བ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་སྒྲིག་གཞི། འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཁག་གིས་འོས་འགན་སློབ་གསོ་དེ་དང་མཐུན་པའི་འགན་ཁུར་ཁྲིམས་ལྟར་ལག་བསྟར་བྱེད་དགོས། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་ནང་གི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་བྱེ་བྲག་གི་ལག་བསྟར་བྱ་བའི་འགན་འཁུར་དགོས། ཞང་བརྡལ་མི་དམངས་སྲིད་གཞུང་གིས་ལོ་རན་པའི་བྱིས་པ་ལོ་ཆུང་སློབ་གྲྭར་ཞུགས་པར་སྐུལ་སློང་དང་སློབ་གྲྭའི་སྒོ་ར་མཐའ་སྐོར་ཁོར་ཡུག་སྒྲིག་བཅོས། སློབ་གྲྭའི་སྒོ་རའི་བདེ་འཇགས་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ་སོགས་འོས་འགན་སློབ་གསོའི་བྱ་བའི་འགན་ཁུར་ཁྲིམས་ལྟར་ལག་བསྟར་བྱེད་དགོས། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་ཁྲོད་སྡེ་གླིང་དང་སྡེ་དམངས་རང་སྐྱོང་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགན་རང་ཁུར་དང་མཉམ་འཛིན་མཉམ་གཉེར་བྱེད་པའི་བྱ་བའི་ནང་རྐྱེན་ཆགས་དགོས།

  (གཉིས) སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས།

  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་མཉམ་དུ་འཕེལ་བའི་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་ཆགས་པ་དང་། སློབ་གསོ་དོ་དམ་འཁོར་སྐྱོད་ནང་རྐྱེན་གསར་སྐྲུན་བྱེད་དགོས་ཤིང་། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་བའི་ནུས་ཡོད་བྱ་བའི་ནང་རྐྱེན་འཛུགས་དགོས་པ་དང་། དམིགས་འབེན་འགན་ཁུར་ལམ་ལུགས་དང་གཅིག་གྱུར་མཐུན་སྦྱོར་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་སྔོན་ཐོན་ས་ཁུལ་ལ་བྱ་དགའ་སྟེར་བའི་ལམ་ལུགས་ལག་བསྟར་བྱེད་པ། ལོ་གཉིས་རེར་དཔྱད་བསྡུར་འདེམས་བསྐོ་ཐེངས་གཅིག་བྱེད་པ། ས་གནས་སོ་སོས་དོན་དངོས་ལྟར་ཞུ་འབུལ་བྱས་ཏེ། ཞིང་ཆེན་སློབ་གསོ་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད་སོགས་སྡེ་ཁག་གིས་གདེང་འཇོག་རྩ་འཛུགས་དང་མཐའ་འབྲས་ཁྱབ་སྒྲོག་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གིས་མིང་བཏགས་པ་དང་གཟེངས་བསྟོད་བྱ་དགའ་སྟེར་དགོས།ཁུལ(ཏིས་དང་གྲོང་ཁྱེར)སོ་སོའི་སྲིད་གཞུང་གིས་རང་གི་ས་ཁོངས་ནང་གི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་གཙིགས་འཛིན་བྱེད་དགོས་པ་དང་། རྫོང(ཆུའུ)སོ་སོར་བྱུང་བའི་བྱེད་ཐབས་བཟང་པོ་དང་སྔོན་ཐོན་ཉམས་མྱོང་ཤེས་རྟོགས་དང་སྤྱི་བསྡོམས་བྱེད་པར་དོ་སྣང་བྱས་ཏེ་དུས་ཐོག་ཏུ་ཁྱབ་གདལ་དུ་སྤེལ་བ། སྔོན་ཐོན་དཔེར་འོས་དམ་འཛིན་དང་གསར་འཛུགས་བྱེད་མཁས་པ། གནད་གཅིག་གིས་ཁྱོན་ཡོངས་ལ་ཁྲིད་པ། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ས་ཁོངས་ནང་གི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

  (གསུམ) སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་ལ་ཤུགས་སྣོན་དགོས།

  འོས་འགན་སློབ་གསོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ནང་རྐྱེན་དང་ལྟ་སྐུལ་མཛུབ་སྟོན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བའི་གདེང་འཇོག་ལམ་ལུགས་འཛུགས་པ། ཁུལ (ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འོས་འགན་སློབ་གསོ་དོ་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱ་བར་དུས་བཅད་ལྟར་ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་བྱེད་པའི་མཐའ་འབྲས་སྤྱི་ཚོགས་སུ་ཁྱབ་སྒྲོག་བྱེད་པ་མ་ཟད། ད་དུང་ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང(ཆུའུ)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1