ལྔ་ལྔའི་དུས་ཆེན་སྐབས་མཛོད་དགེ་རྫོང་དུ་ཡུལ་སྐོར་བ་མང་པོ་ཡོང་།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་བརྙན་འཕྲིན། སྤེལ་དུས། 06-18


         ལྔ་ལྔའི་དུས་ཆེན་གྱི་གུང་གསེང་རིང་། མཛོད་དགེ་རྫོང་གི་ཡུལ་སྐོར་ཚོང་རའི་རྣམ་པ་ཡག་པོ་མངོན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་འགན་ལེན་བྱེད་པ་དང་ཆབས་ཅིག ས་གནས་དེ་གས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པས། དུས་ཆེན་རིང་ཡུལ་སྐོར་ཚོང་ར་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་ཞིག་ཐོན་ཡོད་པ་རེད། 
        གསར་འགོད་པ་མཛོད་དགེའི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་སོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གུང་གསེང་རིང་མཛེས་ལྗོངས་ཁུལ་ཁག་གིས་རིམས་འགོག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་འཛུལ་སྐབས་དྲོད་ཚད་འཇལ་བ་དང་། བདེ་ཐང་ཨང་རྟགས་བཤེར་བ་སོགས་ཀྱི་རིམས་འགོག་བྱ་ཐབས་ལག་བསྟར་བྱས་ཡོད་པ་རེད། 
        མཛོད་དགེ་རྫོང་རྨ་ཁུགས་དང་པོའི་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཛིན་པ་ལི་ཁུའེ་ཡིས་བཤད་རྒྱུར། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པའི་དུས་མཚུངས་སུ།ཞབས་ཞུ་སྔར་བས་ཇེ་ལེགས་དང་། ཡུལ་སྐོར་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་བཟོས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་བསུ་བ་ཞུས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་ཚོ་ལ་བདེ་འཇགས་དང་། གོ་རིམ་ལྡན་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། 
        དབྱར་མགོའི་མཛོད་དགེ་རྩྭ་ཐང་དུ། དགུང་སྔོན་པོར་སྤྲིན་དཀར་ཚོམ་བུ་རྒྱུ་ཞིང་། སྔོ་ལྗང་གི་རྩྭ་ཐང་ན་མེ་ཏོག་རྣམ་པར་བཞད། རླུང་བུ་བསིལ་བསིལ་དུ་གཡུག་པས། ཡུལ་སྐོར་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཡོད། གནས་དེ་གའི་རི་ཆུ་དྭངས་ཤིང་གཙང་བ་མ་ཟད། ཞོགས་པར་ཉི་གཞོན་མཁའ་མཐའ་ནས་དལ་གྱིས་འཕགས་པ་དང་། ནོར་ལུག་གང་སར་ཁྱབ་པ་མཐོང་ཐུབ་ལ། འབྲོག་གླུ་སྙན་མོས་ཡིད་སེམས་དབང་མེད་དུ་འཕྲོག་སྲིད། 

        ས་གནས་རེ་རེར་སླེབས་དུས། ཡུལ་སྐོར་བ་ཚང་མས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་ཅི་དགར་རོལ་བ་དང་། རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། རྟ་བཞོན་རྒྱུ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ལའང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1