ཟོལ་མེད་ཡིད་ཆེས་བཅངས་ནས་བདེ་སྐྱིད་ལམ་དུ་བསྐྱོད།

ཡེ་མགོན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-21



བྱ་རྒོད་སྟོབས་ལྡན་གྱི་ཁམས་ཁུལ་དང་བོད་བཅིངས་འགྲོལ་བཏང་བར་བཞག་པའི་མཛད་རྗེས་རགས་བཀོད།


    སྤྱི་ཟླ་ལྔ་པའི་ཡིད་ལྷུང་རྩྭ་ཐང་ཐོག་རྩྭ་ཕྲན་མྱུ་གུའི་གསོན་ཤུགས་འཕེལ་ནས་སྐྱེ་སྟབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་མཆིས། སྡེ་དགེ་རྫོང་ཡིད་ལྷུང་ཡུལ་ཤོག་སྲིད་གཞུང་དང་ཐག་མི་རིང་བའི་སར་ཡོད་པའི་བྱ་རྒོད་སྟོབས་ལྡན་གྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།  ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་འཇིགས་མེད་རྒྱ་མཚོས་བྱ་རྒོད་སྟོབས་ལྡན་གྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་བསྐྲུན་རྗེས། འདིར་ཡང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡོད་པ་རེད་ཅེས་ངོ་སྤྲོད་བྱས་བྱུང་། ཁོས་སྨྱུག་འཛིན་པར་བྱ་རྒོད་སྟོབས་ལྡན་གྱི་ཡ་མཚན་བའི་མི་ཚེའི་གཏམ་རྒྱུད་ལྷུག་བརྗོད་བྱས་པ་ལས་སྨྱུག་འཛིན་པས།བྱ་རྒོད་སྟོབས་ལྡན་ནི་དམག་འཁྲིད་དེ་དམར་དམག་ལ་འཇབ་རྒོལ་བྱས་པ་ནས་བོད་པ་སྲིད་གཞུང་གི(དམར་དམག་རྒྱང་སྐྱོད་བྱེད་སྐབས་བཙུགས་པའི་བོད་རིགས་རང་སྐྱོང་སྲིད་དབང་རེད)ཀྲུའུ་ཞི་གཞོན་པར་གྱུར་པ་དང་། མ་སྐུལ་དང་བླངས་ཀྱིས་བཅིངས་འགྲོལ་དམག་གིས་ཁམས་ཁུལ་བཅིངས་འགྲོལ་བཏང་བར་བསུ་མ་ཞུས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྒྱབ་སྐྱོར་ཧུར་ཐག་བྱས་པར་བརྟེན། དམར་དམག་གིས་དཀར་མཛེས་བརྒྱུད་ནས་ཁམས་ཁུལ་དང་བོད་བཅིངས་འགྲོལ་བཏང་བར་སུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱུང་བ་ཡིན།



ཟོལ་མེད་ཡིད་ཆེས་བཅངས་ནས་བདེ་སྐྱིད་ལམ་དུ་བསྐྱོད།

ཀ  དམར་དམག་འགོག་རྒོལ་བྱས་པ་ནས་དམག་སྤྱི་ཆེན་པོ་ཀྲུའོ་ཏེ་དང་མཛའ་བརྩེ་ཟབ་མོ་ཆགས།

    བྱ་རྒོད་སྟོབས་ལྡན་ནི1898ལོར་མཐོ་རིམ་སྐུ་དྲག་གི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། ཁོང་གི་ཡབ་ཆེན་ནི་སྡེ་དགེའི་དཔོན་ཆེན་ཡིན་ཞིང་། སྡེ་དགེ་ཡུལ་དཔོན་གྱི་ཁྱིམ་རྒྱུད་ནང་ཁུལ་དུ་དཔོན་པོའི་གོ་གནས་འཕྲོག་རེས་བྱས་པའི་རྩོད་གཞིའི་ནང་དུག་དྲངས་ནས་བཀྲོངས། མ་ཡུམ་ཚེ་དབང་སྒྲོལ་མས་ཁྱོ་གའི་དབང་ཆ་རྒྱུད་འཛིན་བྱས་མཐར། མོ་ཉིད་མཛངས་ཤིང་འཇོན་ཐང་ཆེ་བས་ཁམས་ཁུལ་གྱི༼  མཛངས་མོ་གསུམ ༽  གྱི་ཡ་གྱལ་ཞེས་མཚན་སྙན་ཡོད་པ་རེད།

     1908ལོར་སི་ཁྲོན་དང་ཡུན་ནན་གྱི་མཐའ་སྲུང་བློན་ཆེན་ཀྲའོ་ཨར་ཧྥེང་གིས་དམག་ཁྲིད་ནས་བོད་ལ་བསྐྱོད་པའི་སྐབས་སུ། སྡེ་དགེའི་རྡོ་རྗེ་སེང་གེ་ཡིས་དེའི་ནུ་བོ་ངག་དབང་འཇམ་དཔལ་རིན་ཆེན་དང་དཔོན་པོའི་གོ་གནས་འཕྲོག་རེས་བྱས་མཐར། ངག་དབང་འཇམ་དཔལ་རེན་ཆེན་ཕམ་ཁ་འཁེལ་ནས་དམག་དཔུང་ཁྲིད་དེ་ལྷ་སར་བྲོས་འགྲོ་བ་རེད། བྱ་རྒོད་སྟོབས་ལྡན་གྱི་ཁྱིམ་རྒྱུད་ཀྱང་ངག་དབང་འཇམ་དཔལ་དང་མཉམ་དུ་བོད་ལ་བྲོས་ནས་བོད་ས་གནས་ཀྱི་མཐོ་རིམ་མི་དྲག་གིས་སྲུང་སྐྱོང་ཐོབ་པ་རེད།

    1918ལོར་བོད་ས་གནས་དབང་འཛིན་ལས་ཁུངས་ལ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཁོག་པ་བརྒྱངས་འོག་ཁྲོན་བོད་ས་ཁུལ་དུ་དཔུང་འཇུག་བྱས་ཤིང་། སྡེ་དགེ་བཙན་བཟུང་བྱས་རྗེས་རྡོ་རྗེ་སེང་གེ་རྒྱ་རིགས་ལ་མཛའ་གཉེན་བྱས་པའི་ནག་ཉེས་བརྩིས་ནས་ལྷ་སར་ལྟ་སྐྱེལ་བྱས་ཏེ་ཉེས་ཆད་འགེལ། བྱ་རྒོད་སྟོབས་ལྡན་གྱི་ཁྱིམ་རྒྱུད་ཀྱང་སླར་ཡང་སྡེ་དགེ་ལ་ལོག་ནས་དཔོན་པོའི་གོ་གནས་ཀྱང་ཉམས་པ་སོར་ཆུད་བྱས། ཡུན་རིང་མ་འགོར་བར་བྱ་རྒོད་སྟོབས་ལྡན་ཡང་སྡེ་དགེའི་ཡུལ་དཔོན་གྱི་གཉེར་པའི་དཔོན་གནས་ཐོག་སྤར་ཡོད།

    1932ལོར་ཁྲོན་བོད་ས་ཁུལ་གྱི་དཀར་མཛེས་ས་ཁུལ་དུ་ཁྲལ་པ་འུ་ལག་འཕྲོག་རེས་ཀྱི་རྩོད་གཞི་ཆེན་པོའི་དམག་འཁྲུག་སླར་ཡང་བྱུང་ནས་བོད་དམག་ཕམ་གུད་ཐེབས་ཤིང་། ལིའུ་ཝུན་ཧུའེ་ཡིས་སྡེ་དགེ་ལ་རྫོང་སྲིད་གཞུང་བཙུགས་ནས་བྱ་རྒོད་སྟོབས་ལྡན་ལ་དམག་དོན་གྱི་གཉེར་པ་བྱེད་དུ་བཅུག་པ་རེད། 1933ལོར་བོད་དམག་ལིའུ་ཝུན་ཧུའེ་ཡི་སྒར་ཤོག24པ་ཡིས་འབྲི་ཆུའི་ནུབ་ངོགས་སུ་དེད་རྗེས། བྱ་རྒོད་སྟོབས་ལྡན་ཡང་སྡེ་དགེའི་ཆབ་སྲིད་གར་སྟེགས་ཐོག་འཇོན་ནུས་གཟེངས་སུ་ཐོན་མགོ་བཙུགས་པ་རེད།

    1933ལོར་བྱ་རྒོད་སྟོབས་ལྡན་ཡིད་ལྷུང་དཔོན་པོ་ལྷ་རིག་དཔལ་དགེ་ཚང་གི་མག་པ་བྱས་ནས་ཡུན་རིང་མ་འགོར་བ་གྱོས་པོ་ཚེ་ལས་འདས་ཤིང་། ཁོང་གིས་ཡིད་ལྷུང་གི་ཡུལ་གྲུ་གཅིག་ལྕོགས་བཟུང་བས་མ་ཚད་རང་ཉིད་ཀྱི་ནུས་ཤུགས་རྒྱ་སྐྱེད་བཏང་ནས་དཔུང་ཚོགས་ཁྲིད་དེ་དཔལ་ཡུལ་སོགས་ས་གནས་ཀྱི་མགོ་དཔོན་གྱིས་ཟིང་འཁྲུངས་སློང་བ་འདི་ཞི་ལྷོད་བྱས་ཏེ་མགོ་དཔོན་རྣམས་ཀྱི་ཁྲོད་དུ་དབང་གྲགས་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་རེད།

    1936ལོའི་སྤྱི་ཟླ2པའི་ནང་དམར་དམག་འབུམ་ཤོག་གཉིས་པ་དང་དམར་དམག་འབུམ་ཤོག་དྲུག་པ་ཡུན་ནན་དང་ཀུའེ་ཀྲུའོ་ནས་ཁམས་ཁུལ་དུ་དཔུང་འཇུག་བྱེད་སྐབས་ནོར་ལྷ་བཅོ་བརྒྱད་ས་གནས་ཀྱིས་དྲག་ཆས་སྤྱད་ནས་དམར་དམག་ལ་འཇབ་རྒོལ་བྱས་ཤིང་། བྱ་རྒོད་སྟོབས་ལྡན་གྱིས་རྟ་དམག་ཁྲིད་ནས་དམར་དམག་འགོག་ཐབས་བྱེད་དུས་། དམར་དམག་དཔུང་ཕྱོགས་བཞི་པའི་ཁྲི་ཤོག88པས་བྱ་རྒོད་སྟོབས་ལྡན་གྱི་དམག་གཏོར་ཕམ་བཏང་བས་མ་ཚད་བྱ་རྒོད་སྟོབས་ལྡན་འཇུ་བཟུང་བྱས་ཏྲེ་ཧོར་དཔོན་སྡེའི་ནང་བཞག་ཡོད། དམར་དམག་གིས་ཁོང་ཚོར་གུས་ཞབས་ཀྱི་རྣམ་འགྱུར་བཟུང་བས་མ་ཚད། དམར་དམག་དཔུང་ཕྱོགས་བཞི་པའི་སྲིད་དཔོན་ལི་ཞན་ཉན་སོགས་མགོ་ཁྲིད་ཀྱིས་ཁོང་ཚོར་ཏང་དང་དམར་དམག་གི་མི་རིགས། འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཡིད་འགུག་འོག    བྱ་རྒོད་སྟོབས་ལྡན་ལ་གོ་རྟོགས་བྱུང་བས་མ་ཚད། ཀྲུང་ཧྭ་སུའུ་ཝེ་ཨེའི་དཀར་མཛེས་བོད་པ་སྲིད་གཞུང་གི་གལ་ཆེའི་གོ་གནས་འཁུར་བ་རེད།

     བྱ་རྒོད་སྟོབས་ལྡན་དཀར་མཛེས་ལ་རྨས་ཁ་གསོ་བའི་སྐབས་སུ། དམར་དམག་གི་དཔོན་པོ་ཝང་ཝུན་ཀྲུའོ་ཡིས་ཁོང་ལ་འཚམས་འདྲི་ཐེངས་མང་པོ་ཞུས་ནས་གུང་ཁྲན་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་པ་དང་ཆབས་ཅིག  དམར་དམག་གི་འདོད་བློ་གསེད་འགྲེལ་བྱས་ཤིང་། དམག་སྤྱི་ཀྲུའོ་ཏེ་སྐུ་དངོས་མ་ཁོང་ལ་ལྟ་སར་ཕེབས་ནས་ཁ་བརྡ་ལབ་པ་དང་གནས་བབ་གསེད་འགྲེལ་བྱས་མཐར། བྱ་རྒོད་སྟོབས་ལྡན་གྱིས་བསམ་པའི་དོགས་པ་སེལ་ནས་དམར་དམག་ལ་ཁས་ལེན་ཞིང་རྒྱབ་སྐྱོབ་བྱས་པའི་ཆོད་སེམས་བཅངས་པ་རེད།

     1936ལོའི་སྤྱི་ཟླ5པའི་ཚེས1ཉིན། ཁམས་ཁུལ་གྱི་རྫོང་ཁག16གི་འཐུས་མི700ལྷག་དཀར་མཛེས་ལ་ལྷན་འཛོམས་བྱས་ནས་ཀྲུང་ཧྭ་སུའུ་ཝེ་ཨེའི་དཀར་མཛེས་བོད་པ་སྲིད་གཞུང་དབུ་བརྙེས་པའི་ཚོགས་ཆེན་ནང་ཞུགས་ཡོད། བྱ་རྒོད་སྟོབས་ལྡན་དང་དགེ་སྟག་སྤྲུལ་སྐུ༼  བོད་པ་སྲིད་གཞུང  ༽ གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཡོད། བྱ་རྒོད་སྟོབས་ལྡན་ལ་སོགས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམར་དམག་བྱང་སྐྱོད་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། རྨས་མ་ཚོ་བཀོད་སྒྲིག་བྱེད་རོགས་བྱས་པར་ཕུད། ད་དུང་ཡིད་ལྷུང་ནས་གནག་ཕྱུགས500ལྷག་དང་རྟ100  འབྲུ་རིགས་འབོར་ཆེན་དམར་དམག་ལ་ཞལ་འདེབས་བརྒྱབ་ཡོད་པས། དམག་སྤྱི་ཀྲུའོ་ཏེ་ཡིས་གཟེངས་བསྟོད་བྱས་པའི་དུས་མཚུངས་སུ། མང་ཚོགས་ཁྲོད་དུ་བྱ་རྒོད་སྟོབས་ལྡན་དང་ཀྲུའོ་ཏེ་རྣམ་གཉིས་ནི་གྲོགས་པོ་རེད་ཅེས་ཁྱབ་པས་བྱ་རྒོད་སྟོབས་ལྡན་གྱི་སྙན་གྲགས་དེ་བས་ཆེན་པོ་ཆོད་པ་རེད།

     1947ལོར་ཁོང་གིས་མི་རབས་ནས་མི་རབས་བར་དུ་བོད་མི་དམངས་ཀྱིས་སྡུག་བསྔལ་ཚད་མེད་མྱོང་དགོས་པའི་འུ་ལག་གི་ལམ་ལུགས་མེད་པ་བཟོ་རྒྱུའི་གྲོས་མགོ་བཏོན་ནས་མི་སེར་ཚོས་སྡེ་དཔོན་དང་དཔོན་ཕྱོགས་ལ་འབྲུ་རིགས་ཀྱི་ཁྲལ་འུ་ལག་མི་སྤྲད་རྒྱུའི་འབོད་སྐུལ་གནང་བ་རེད།

ཟོལ་མེད་ཡིད་ཆེས་བཅངས་ནས་བདེ་སྐྱིད་ལམ་དུ་བསྐྱོད།

ཁ། བསགས་པའི་དམག་རྒྱགས་འདྲེན་པར་འགན་ལེན་བྱས་པ་ནས་ཟོལ་མེད་བསམ་པ་ཏང་གི་ཕྱོགས་སུ་བཅངས།

    བྱ་རྒོད་སྟོབས་ལྡན་གྱིས་བཅིངས་འགྲོལ་དམག་ནི་དེའི་དུས་ཀྱི་དམར་དམག་དང་འདྲ་མོ་ཡིན་པ་ཤེས་རྗེས། དེ་མ་ཐག་ཏུ་འཐུས་ཚབ་གསུམ་ལ་ཁ་གཏགས་དང་སྤྲིངས་ཡིག་སོགས་ཁྱེར་བཅུག་ནས་པེ་ཅིན་ལ་དམག་སྤྱི་ཆེན་པོ་ཀྲུའོ་ཏེ་མཇལ་དུ་མངགས་པ་དང་ཆབས་ཅིགཁོང་ཚོའི་བཅིངས་འགྲོལ་དམག་ལ་བརྩི་བཀུར་ཞུས་པས་མ་ཚད་ཁམས་ཁུལ་བཅིངས་འགྲོལ་གཏང་རྒྱུའི་རེ་འདུན་བརྒྱུད་སྤྲོད་བྱས། འཐུས་ཚབ་གསུམ་པོ་རྔ་བ་ནས་བསྐོར་ཏེ་ཀན་སུའུ་ལ་འཇུག་མཐར། རི་འཐབ་དཔུང་ཤོག་དང་པོའི་དམག་ཇུས་ཆེན་པོ་ཕེན་ཏེ་ཧུའེ་ཡིས་གནམ་གྲུ་བཏང་ནས་ཁོ་ཚོ་པེ་ཅིང་ལ་བསྐྱལ་རྗེས། དམག་སྤྱི་ཆེན་པོ་ཀྲུའོ་ཏེ་ཡིས་ཁོང་ཚོར་མཇལ་འཕྲད་གནང་ནས་ཁམས་ཁུལ་དང་བོད་བཅིངས་འགྲོལ་གཏོང་བའི་བྱ་གཞག་ཁྲོད་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུའི་ཐུགས་རེ་གནང་བ་རེད།

    1950ལོའི་ལོ་མགོར། ཁམས་ཁུལ་བཅིངས་འགྲོལ་བཏང་ཞིང་། བྱ་རྒོད་སྟོབས་ལྡན་བཅིངས་འགྲོལ་དམག་ལ་བསུ་མ་ཞུ་བའི་རྟེན་འབྲེལ་ཚོགས་འདུར་ཞུགས་ཡོད། ལོ་དེའི་སྤྱི་ཟླ3པའི་ཚེས27ཉིན། ༼  དར་མདོའི་དམག་དོན་བཙན་སྡོམ་ཨུ་ཡོན་ལྷན་ཁང༽ བཙུགས་ནས་བྱ་རྒོད་སྟོབས་ལྡན་གྱིས་ཀྲུའུ་རེན་གཞོན་པའི་འགན་བཞེས། དེའི་རྗེས་ནས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་པ་རེད། ཡུན་རིང་མ་འགོར་བ། ཧུའོ་ལུང་དང་ལིའུ་པའོ་ཁྲེན། ཏེང་ཞའོ་ཕིང་ལ་སོགས་པའི་ལྷོ་ནུབ་རྒྱུད་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམ་པས་ཡང་དུ་བྱ་རྒོད་སྟོབས་ལྡན་དང་དགེ་སྟག་སྤྲུལ་སྐུ་སོགས་ཁམས་ཁུལ་གྱི་སྔོན་ཐོན་མཐོ་རིམ་སྐུ་དྲག་མི་སྣ་ཁྲུང་ཆིང་ལ་གདན་དྲངས་ཏེ་ཁོང་ཚོའི་ཁམས་ཁུལ་འཛུགས་སྐྱོང་དང་བོད་བཅིངས་འགྲོལ་གཏང་རྒྱུ་བཅས་ཐད་ཀྱི་བསམ་འཆར་ལ་གསན་འཇོག་གནང་བས་བ་ཚད། བྱ་རྒོད་སྟོབས་ལྡན་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་བྱས་པ་རེད།

    1950ལོའི་སྤྱི་ཟླ7པའི་ཟླ་མཇུག་ཏུ་བྱ་རྒོད་སྟོབས་ལྡན་ཁྲུང་ཆིང་དུ་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཞུགས་ཡོད་པ་འདི་ནི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་བརྒྱུད་ནས་བོད་ལ་བསྐྱོད་པའི་བཅིངས་འགྲོལ་དམག་ལ་འབྲུ་རིགས་འདོན་སྤྲོད་དང་སྐྱེལ་འདྲེན་བྱས་པར་ཁག་ཐེག་བྱས་པས་སྤྱི་ཚོགས་སྒྲིག་ལམ་ལ་འགན་སྲུང་ངེས་ཅན་ཞིག་ཡོད་པ་མཚོན།  བྱ་རྒོད་སྟོབས་ལྡན་གྱི་ཚོགས་འདུའི་ཐོག་གཏམ་བཤད་བྱས་ནས་བོད་རིགས་ཀྱི་མཐོ་རིམ་དང་སེར་སྐྱ་མི་དམངས་ཀྱི་ཚབ་མཛད་ནས་གུང་ཁྲན་ཏང་གིས་བོད་བཅིངས་འགྲོལ་གཏོང་བར་ཁས་ལེན་དང་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བཞག་པ་རེད།

ཟོལ་མེད་ཡིད་ཆེས་བཅངས་ནས་བདེ་སྐྱིད་ལམ་དུ་བསྐྱོད།

    བྱ་རྒོད་སྟོབས་ལྡན་གྱིས་ས་གནས་སོ་སོའི་མཐོ་རིམ་སྐུ་དྲག་སྐུལ་སློང་བྱས་པ་དང་ཆབས་ཅིག གཡུལ་འགྱེད་དང་པོར་རྒྱབ་སྐྱོར་བྱེད་མཁན་ཨུ་ཡོན་ལྷན་ཁང་བཙུགས་པར་མ་ཟད། ཁོང་རང་གིས་ཀྲུའུ་རེན་གྱི་འགན་བཞེས་པ་རེད། ཏང་དང་མི་དམངས་ཀྱིས་ཡིད་ཆེས་དང་མངག་བཅོལ་གལ་ཆེན་བྱས་པར་བརྟེན། བྱ་རྒོད་སྟོབས་ལྡན་གྱི་ཆབ་སྲིད་འདུ་ཤེས་རྦད་དེ་ལེགས་འགྱུར་བྱུང་ནས་ཁོང་གིས་ནུས་ཤུགས་ཡོད་རྒུས་ཁམས་ཁུལ་བརྟན་བརླིང་སྲུང་སྐྱོང་དང་དཔུང་ཚོགས་བཅོ་བརྒྱད་པས་བོད་བཅིངས་འགྲོལ་གཏོང་བར་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ། སྡེ་དགེ་རྒྱལ་པོའི་འགལ་ཟླ་ཡང་རྦད་དེ་ཞི་ལྷོད་འགྲོ་བ་རེད། ཆབ་སྲིད་ཀྱི་ཁོར་ཡུག་གསར་པས་བྱ་རྒོད་སྟོབས་ལྡན་གྱི་ལས་དོན་སྒྲུབ་པའི་སྤྲོ་སེམས་བསླངས་ནས་བོད་བཅིངས་འགྲོལ་གཏོང་རིང་ནང་བྱ་རྒོད་སྟོབས་ལྡན་གྱིས་ལྡལ་གཡག་རུ་ཁག་སྒྲིག་འཛུགས་དང་དམག་མཁོ་དངོས་རྫས་སྐྱེལ་འདྲེན་བྱ་རྒྱུའི་ལས་དོན་ཐད་བྲེལ་མྱོང་ཞིང་། ཁོང་གིས་འཇམ་དབྱངས་པད་མོ་དང་མཉམ་དུ་རྡལ་གཡག་ཁྲི་ཡན་ཆད་སྒྲིག་འཛུགས་བྱས་ནས་མ་ཎི་གད་མགོ་ནས་ཆབ་མདོར་བརྒྱུད་ཡུལ་གྱི་དམག་མཁོ་དངོས་རྫས་འདོན་སྤྲོད་བྱ་རྒྱུའི་འགན་ལེན་བྱས་པ་རེད།

   1951ལོའི་ལོ་མཇུག་ཏུ་བྱ་རྒོད་སྟོབས་ལྡན་གྱིས་ཡང་དུ་ཡིད་ལྷུང་དང་སེར་ཤུལ། འདན་མ་སོགས་ཀྱི་ས་གནས་སུ་རྡལ་གཡག་ཁྲི་གཅིག་སྒྲིག་འཛུགས་བྱས་ནས་ཚ་བོ་བྱ་རྒོད་རྣམ་རྒྱལ་གྱིས་འཚུབ་བསྟུན་དམག་མཁོ་དངོས་རྫས་ལྷ་སར་དོས་འདེད་དང་མྱུར་འདྲེན་བྱས་མཐར། ལྷ་སར་དཔུང་འཇུག་བྱས་མ་ཐག་པའི་དམག་དཔུང་གི་དཀའ་ངལ་དུས་ཐོག་ཏུ་ལྷོད་གཡེང་བྱས་པ་རེད། མི་ཚོས༼  བོད་ལྗོངས་ཀྱི་ཞི་བས་བཅིངས་འགྲོལ་ནི་བོད་རིགས་མི་དམངས་ཀྱིས་རྡལ་གཡག་ལ་བཀལ་ནས་ཐོན་པ་རེད༽ ཅེས་པ་འདི་ནི་ཧ་ཅང་དངོས་གནས་དྲང་གནས་ཀྱི་དེའི་སྐབས་ཀྱི་གནས་ཚུལ་མཚོན་ལ། བོད་རིགས་མི་དམངས་ཀྱིས་བོད་ལྗོངས་བཅིངས་འགྲོལ་གཏོང་བར་འཛིན་པའི་རྣམ་འགྱུར་མཚོན་པ་ཞིག་ཀྱང་རེད། དེའི་སྐབས་ཀྱི་མི་ལ་ལས་དྲན་གསོས་བྱས་དོན། ༼  བྱ་རྒོད་སྟོབས་ལྡན་ལ་སོགས་པའི་སྔོན་ཐོན་མཐོ་རིམ་མི་སྣ་ཚན་པ་གཅིག་གིས་བརྩོན་སེམས་ཆེན་པོས་རྒྱབ་སྐྱོར་བྱས་པར་བརྟེན། ཁམས་བྱང་གི་བརྟན་བརླིང་དང་བོད་ཞི་བས་བཅིངས་འགྲོལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1