སྤྲུལ་སྐུ་ཞིག་གིས་གཉེར་བའི་དམར་དམག་བཤམས་སྟོན་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-22




        སྤྱི་ཟླ་6པའི་ཚེས་9ཉིན། ངེད་བཅར་འདྲི་ཚོ་ཆུང་རྒྱལ་མོ་ཚ་བ་རོང་གི་འབྲུ་སྨིན་ལུང་པའི་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས། གཡས་གཡོན་གྱི་བརྗིད་ཅིང་རྔམ་ལ་བཟོ་བཀོད་ལེགས་པའི་བོད་ཁང་དང་གནག་ཅིང་སྣུམ་ལ་ཚར་དུ་དངར་བའི་ཞིང་ཁ་སོགས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་ཞོར། རོང་བྲག་རྫོང་སྟོང་སྐོར་ཡུལ་ཤོག་གི་གཡུང་དྲུང་རྫོགས་ཆེན་གླིང་ངམ་གནས་འགོ་དགོན་དུ་འབྱོར། དགོན་པ་དེ་ནི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་གཡུང་དྲུང་བོན་གྱི་དགོན་པ་ཞིག་ཡིན་ལ། ཕྱོགས་བཞི་ནགས་ཀླུང་མཐུག་པོས་སྐོར་ཞིང་། མདུན་དུ་མཚེའུ་དང་སྤང་ལྗོངས་ཡངས་པ། གྲོང་སྡེ་དང་རིང་དུ་གྱེས་ཤིང་བྱ་བྱེའུ་ཡི་སྐད་སྙན་ལྷང་ལྷང་གྲགས་པའི་དབེན་པའི་གནས་མཆོག་ཅིག་ཏུ་འཁུམས།
ཡིད་དུ་འོང་བའི་རྒྱལ་མོ་ཚ་བ་རོང་།


གཡུང་དྲུང་རྫོགས་ཆེན་གླིང་ངམ་གནས་འགོ་དགོན་པ།

        དགོན་པའི་འདུ་ཁང་གི་གཡས་ཕྱོགས་སུ་སྟེང་དུ་ཟངས་གསེར་གྱི་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་ལྡན་པའི་ཐོག་བརྩེགས་གཉིས་ཅན་གྱི་བོད་ཁང་ཞིག་འདུག་ལ། སྒོའི་གཡས་ཟུར་དུ་གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་རྟ་ཕོ་རི་བོའི་དམར་དམག་འཐབ་འཛིང་རྗེས་ཤུལ་དང་གཡོན་ཟུར་དུ་གནས་འགོ་དགོན་དམར་དམག་དགེ་ལེགས་བདེ་གསལ་འཐབ་འཛིང་རྗེས་ཤུལ་བཤམས་སྟོན་ཁང་ཞེས་བྲིས་པའི་བརྗིད་ཉམས་ཅན་གྱི་སྒོ་བྱང་གཉིས་བཀལ་འདུག །དེ་ནས་དགོན་པ་དེའི་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་སྣེ་ཁྲིད་འོག་ནང་དུ་ལྟ་སྐོར་ཕྱིན་ཞིང་། བརྩེགས་དང་པོ་ནི་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་ཁང་རེད་འདུག་ལ། དེའི་ནང་དུ་སྐབས་དེར་དམར་དམག་གིས་སྤྱོད་མྱོང་བའི་འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་དང་ཡུལ་ཕྱོགས་གང་དུ་སྐྱོད་པའི་ས་ཁྲ། དེ་མིན་བྱ་བ་གང་དག་སྒྲུབ་པ་སོགས་ཀྱི་ཡིག་ཆ་དང་པར་རིས།  རིག་དངོས་རིན་ཐང་བྲལ་བ་གང་མང་འདུག །བརྩེགས་གཉིས་པ་ནི་དམར་དམག་དགེ་ལེགས་བདེ་གསལ་གྱི་རྗེས་ཤུལ་བཤམས་སྟོང་ཁང་རེད་འདུག་ལ། དེ་རུ་དམར་དམག་སྐོར་གྱི་རིན་ཐང་བླ་ལྷག་ལྡན་པའི་རིག་དངོས་ཉིས་སྟོང་དྲུག་བརྒྱ་ལྷག་བཤམས་འདུག །
བཤམས་སྟོན་ཁང་།


བཤམས་སྟོན་ཁང་གི་ངོ་སྤྲོད་རགས་བསྡུས།

        རྒྱུས་ལོན་བྱུང་བ་ལྟར་ན། དགོན་པ་བསྐྱར་སྐྲུན་གྱི་གོ་རིམ་ཁྲོད་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གནས་དེ་ནས་མདེའུ་ཤུབས་དང་ལག་འབོམ་སོགས་དམར་དམག་དང་འབྲེལ་བའི་དངོས་པོ་མང་པོ་རྙེད་ཅིང་། ས་གནས་དེ་གའི་རྒན་པོ་རྣམས་ལ་དྲིས་རྗེས། དེ་དག་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་དམར་དམག་དཔུང་ཕྱོགས་སྒར་ཆེན་ལྔ་པའི་དམག་ཚོགས་སོ་བདུན་པ་གནས་འགོ་དགོན་པར་རྟེན་གཞི་བྱས་ཏེ་ལོ་ཕྱེད་ཙམ་ལ་བསྡད་སྐབས་བཞག་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་རིན་ཐང་ཅན་ཡིན་པ་གསལ་པོར་རྟོགས་པ་དང་། ཁོང་གིས་སྤྱི་ལོ་1990ལོ་ནས་རིག་དངོས་དེ་རིགས་ཐབས་བརྒྱ་ཇུས་སྟོང་སྒོས་བསྡུ་གསོག་དང་གཅེས་ཉར་གནང་བ་རེད་འདུག །
དམར་དམག་གིས་བཞག་པའི་རིག་དངོས་རྩ་ཆེན།

འབྲེལ་ཡོད་ས་ཁུལ་གྱི་རྒྱང་སྐྱོད་ལམ་ཐིག །
        ངག་དབང་བསྟན་པའི་རྒྱལ་མཚན་གྱིས་ངོ་སྤྲོད་གནང་བར་ལྟར་ན། 1935ལོ་དང་1936ལོར་དམར་དམག་རྒྱང་སྐྱོད་བྱས་ནས་རོང་བྲག་རྫོང་གནས་འགོ་དགོན་པ་འདི་རུ་ཐོན་པ་དང་། དམར་དམག་གནས་འདིར་སླེབས་སྐབས། དགོན་པའི་བསྟན་བདག་སྐུ་ཕྲེང་སོ་བརྒྱད་པ་གཡུང་དྲུང་རྒྱལ་མཚན་གཙོ་བོར་བྱས་པའི་གྲྭ་བཙུན་བརྒྱད་ཅུ་ཙམ་ཡོད་ལ། བསྟན་བདག་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་གྲྭ་པ་རྣམས་གནས་སྐབས་རང་ཁྱིམ་དུ་བཏང་ནས་གྲྭ་ཤག་ཏུ་དམར་དམག་འདུག་བཅུག་པ་མ་ཟད། ཟ་ཉལ་སོགས་འཚོ་བའི་མཐུན་རྐྱེན་རྒྱ་ཆེན་པོ་བསྐྲུན། དེ་ནས་དམར་དམག་དཔུང་ཤོག་དེའི་འགོ་གཙོ་དང་སྤྲུལ་སྐུ་ནི་བློས་ཐུབ་ཀྱི་གྲོགས་པོར་གྱུར་པ་དང་། དགོན་པས་སྔ་གཞུག་ཏུ་འབྲུ་རིགས་རྒྱ་མ་ཁྲི་གསུམ་ལྷག་དམར་དམག་ལ་མཁོ་སྤྲོད་བྱས་པ་སོགས་དམར་དམག་ལ་རྒྱབ་སྐྱོབ་ཚད་མེད་བཟོས། སྤྱིར་རོང་བྲག་རྫོང་ནི་བོད་འབྲེལ་རྫོང་ཁག་དག་ལས་དམར་དམག་རྒྱང་སྐྱོད་སྐབས་སྡོད་ཡུན་ཆེས་རིང་བ་དང་དམར་དམག་ཆེས་མང་ཤོས་ཀྱི་ས་གནས་ཤིག་ཡིན་མ་ཟད། རྟ་ཕོ་རི་བོའི་འཐབ་འཛིང་སོགས་སྤེལ་མྱངས་པ་རེད་འདུག །
མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་ངོ་སྤྲོད་གནང་བཞིན་པ།

དམར་དམག་གིས་སྤྱོད་མྱོང་བའི་འཚོ་བའི་ཡོ་བྱད།

        ཁོང་གིས་དྲན་གསོ་ཁང་འདི་སྒོ་ཕྱེས་ནས་ལོ་ངོ་13རིང་། བསྡོམས་རྩིས་བྱས་ན་ད་བར་ལྟ་སྐོར་བ་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་བྱུང་། དེ་དག་ལ་རིན་མེད་སྒོས་གཟིགས་འབུལ་བྱས་པ་ཡིན། ད་ལྟ་དཀའ་ཁག་ཅིག་ཡོད་པ་ནི་དོ་དམ་མི་སྣ་གླ་དགོས་ན་འགྲོ་གྲོན་ཆེ་བ་དང་རང་ཉིད་ལོ་ཚོད་མཐོ་བས་རྗེས་ཕྱོགས་ངལ་གསོ་བྱས་རྗེས་མུ་མཐུད་དུ་སྒོ་ཕྱེ་ཐུབ་མིན་དེ་ཡིན། འོན་ཀྱང་འབྲེལ་ཡོད་སྡེ་ཁག་དང་མི་སྣས་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས་གནས་འདིའི་གསར་བརྗེའི་རྗེས་ཤུལ་སྔ་ལས་ལྷག་པར་སྔོག་འདོན་དང་དར་སྤེལ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1