ཞི་ཅིན་ཕིང་གིས་ཁོང་ཀོའི(པུའུ)ཙུང་ཐུང་ས་སུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-24


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོའི(པུའུ)ཙུང་ཐུང་ས་སུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་ཀོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་རོགས་ལས་དམ་ཟབ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཡོད། ན་ནིང་ནས་བཟུང་ཀྲུང་ཁོང་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱས་པ་དང་། ལག་གདང་སྦྲེལ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ། འབྲེལ་ཡོད་དངོས་སྒྲུབ་མཉམ་ལས་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཁོང་ཀོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་དང་། ཁོང་ཀོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར། ཁོང་ཀོ་ཕྱོགས་ཀྱིས་ཐོན་ཁུངས་དང་ས་ཁོངས་སོགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཁོང་ཀོ(པུའུ)ལ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བར་བསྐྱོད་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་ལ། ཁོང་ཀོ་ཕྱོགས་དང་སྨན་བཅོས་འཕྲོད་བསྟེན་དང་། ཞིང་ལས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁོང་ཀོ་ཕྱོགས་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་ཆེད་རིམས་འགོག་སྨན་ཁབ་སོགས་རྒྱབ་སྐྱོར་བྱས་ཏེ། ཁོང་ཀོ་ཕྱོགས་ཀྱི་བཟོ་ལས་ཅན་དང་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཁོང་ཀོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ“ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རོགས་ཟླའི་གྲོས་འགོ”བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་དེ་བས་མང་བ་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲོས་ཚོགས་ལ་ཁོང་ཀོ་ཕྱོགས་ཧུར་ཐག་ཞུགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།
        ས་སུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་རྒྱལ་སྤྱིའི་ཐོག་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་གོམ་ཞེང་ཆེན་པོས་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ནས་ཁོང་ཀོ་ཕྱོགས་ལ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་ཁོང་ཀོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་པ། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཧུར་ཐག་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བཅས་བྱས་ནས། ཁོང་ཀྲུང་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།


རྩོམ་ཡིག་རྗེས་མ།
百处藏寨展新貌

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1