གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༢༥ཉིན།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས“ལྔ་གཉིས་གསུམ”སློབ་གསོའི་ལག་ལེན་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་མི་ཉག་རྡོ་ར་དཀར་མོར་འཚོགས།


དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས“ལྔ་གཉིས་གསུམ”སློབ་གསོའི་ལག་ལེན་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་མི་ཉག་རྡོ་ར་དཀར་མོར་འཚོགས།


        སྤྱི་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཞིང་ཆེན་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་དང་མཛུབ་སྟོན་གནང་འོག་དང་།དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོང་གནང་འོག དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2021ལོའི་དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི“ལྔ་གཉིས་གསུམ”སློབ་གསོའི་ལག་ལེན་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་རྡོ་ར་དཀར་མོ་རུ་འཚོགས་མགོ་བརྩམས་ནས་ཉིན་གསུམ་གྱི་རིང་ལ་སྐོང་ཚོགས་བྱས་ཡོད་པ་རེད།

དཀར་མཛེས་ཁུལ་སྲིད་གྲོས་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ནང་བསྟན་མཐུན་ཚོགས། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་བགྲོ་གླེང་ཚོགས་འདུ་མགོ་ཚུགས་པའི་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

གྲོང་ཁྱེར་དམངས་ཆེན་དང་། གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ། གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས། རྒྱུ་ལ་ནུབ་རྒྱུད་ཀྱི་གྲོང་རྡལ་དང་ཡུལ་ཤོག། དགོན་བདག་ཨུ་ལྷན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་དང་། དར་མདོ་གྲོང་ཁྱེར་ཡོངས་ཀྱི་གྲུབ་མཐའ་ཁག་གི་དགོན་སྡེ་སུམ་ཅུ་དང་བྲག་མཁར་བཤད་གྲྭ་བཅས་ཀྱི་འགན་ཁུར་གྲྭ་བཙུན་དང་བླ་སྤྲུལ་དགེ་བཤེས། མཁན་པོ་བཅས་ཁྱོན་དགེ་འདུན་པ350ལ་ཉེ་བ་ཞིག་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས“ལྔ་གཉིས་གསུམ”སློབ་གསོའི་ལག་ལེན་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་མི་ཉག་རྡོ་ར་དཀར་མོར་འཚོགས།

དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན་དང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེ་བཀྲ་ཤིས་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད།མགོ་ཚུགས་མཛད་སྒོ་འདི་དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡེ་ཤེས་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་རེད།

ཏེང་ལིན་ཅུན་གྱིས་གསུངས་དོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུས་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་རྣམ་པ་གསར་པའི་སྒོ་ནས་མགོ་འཛུགས་པའི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག། ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ནང་བསྟན་ལས་རིགས་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་མཉམ་འདྲེས་བྱ་རྒྱུར་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་དུས་བསྟུན་མདུན་སྐྱོད་ངང་ནང་བསྟན་གྱི་བསྟན་དོན་ལ་དུས་རབས་ཀྱི་འཕེལ་རྒྱས་ཡར་ཐོན་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས་པར་སྐུལ་སློང་འདོན་པ་དང་། གོམ་གང་མདུན་སྤོས་ཀྱིས་གྲྭ་བཙུན་ཏང་ལ་དགའ་བ་རྒྱལ་ཁབ་ལ་དགའ་བ། ནང་བསྟན་ལ་དགའ་བའི་བསམ་བློའི་ངོས་འཛིན་མཐོར་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཡིས་བོད་བརྒྱུད་ནང་བསྟན་སྣེ་ཁྲིད་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་བྱེད་དགོས། དེང་རབས་བོད་བརྒྱུད་ནང་བསྟན་ནི། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྗོད་བྱ་གཙོ་བོ་བྱས་ནས། ནང་བསྟན་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་ཞུ་བ་དང་། ཏང་དང་སེམས་མཐུན་མཉམ་སྐྱོད་བྱེད་པའི་དཔེ་བཟང་གི་མཛད་རྗེས། ཏང་གི་ཡང་དག་པའི་དབུ་ཁྲིད་འོག་ཕ་ཡུལ་ལ་འཕོ་འགྱུར་ཆེན་པོ་བྱུང་བར་རྗེས་དྲན་བ་དང་། མེས་རྒྱལ་ལ་དགའ་ཞེན་ཡོད་པའི་ལྷག་བསམ་མཚོན་པར་བྱེད་པ། ནང་བསྟན་ལས་རིགས་ཀྱིས་ཏང་གི་ལོ་རྒྱུས་སྦྱོང་། ཏང་གི་བཀའ་ལ་ཉན། ཏང་གི་དྲིན་གཟོ་འཆང་། ཏང་གི་རྗེས་སུ་འབྲངས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་བྱེད་དགོས།

མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་ནང་བསྟན་མཐུན་ཚོགས་ཀྱི་འཛུགས་སྐྲུན་རྣམ་ལྔ་སྤེལ་རྒྱུའི་སྐོར་ལ་གསུངས་དོན། གྲོང་ཁྱེར་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་གོའི་གུང་ཁྲན་ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་དགའ་ཞེན། ནང་བསྟན་ལ་དགའ་ཞེན་བཅས་དགའ་ཞེན་ལྔའི་དར་ཆ་མཐོན་པོ་བསྒྲེངས་ཏེ། ཚད་ལྡན་གྱིས་བསྟན་པ་བརྒྱུད་འཛིན་བྱེད་རྒྱུ་ནི་དགེ་འདུན་པའི་འགན་འཁྲི་ཡིན་ལ་འོས་འགན་ཡང་ཡིན། ཐོག་མར་དད་པ་འཛུགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་དེ། ཡོན་ཏན་ངོ་མ་སྦྱོང་བ། དད་པ་དྲང་བདེན་སྐྱེས་པ། ཆོས་སྲོལ་རྣམ་དག་སྤེལ་བ་བྱེད་དགོས། ནང་བསྟན་གྱི་སྙིང་དོན་ལ་དུས་རབས་འཕེལ་རྒྱས་ཡར་ཐོན་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས། ལོ་རེར་ཐེངས་རེའི་བགྲོ་གླེང་གྲོས་ཚོགས་འཚོག་རྒྱུ་དང་། རྟོག་ཞིབ་སློབ་སྦྱོང་དང་མཐུན་འབྲེལ་གྱི་བྱེད་སྒོ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ནང་བསྟན་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་རྒྱུ། ཀྲུང་གོའི་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཆོས་ཀྱི་སྙིང་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་ལྟ་བ་འདོན་སྤེལ་བྱས་ནས་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པའི་ལམ་བུར་བསྐྱོད་དགོས། མིག་སྔར་དགོན་པ་ལ་དཔེ་ཁྲིད་བྱེད་བཞིན་ཡོད་པའི་དགེ་བཤེས་དང་། མཁན་པོ་སོགས་དཔེ་ཁྲིད་དགེ་རྒན་གྱི་ཐོབ་ཐང་སྐོར་རྒྱུགས་སྤྲོད་དཔྱད་ཞིབ་བྱས་པ་དང་། དཔེ་ཁྲིད་དང་འབྲེལ་བའི་ནང་དོན་སྐོར་གསོ་སྦྱོང་བྱས་ནས་ཚད་ལོན་བྱེད་རྗེས་དགོན་པའི་དགེ་རྒན་བྱེད་པར་གདན་དྲངས་པ་དང་། སློབ་ཁྲིད་བརྒྱུད་རིམ་གྱི་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་བྱེད་པ། དགེ་བཤེས་དང་མཁན་པོ་སོགས་དཔེ་ཁྲིད་དགེ་རྒན་རྣམ་པ་ཆོས་ལུགས་ལས་རིགས་འཐུས་མིར་བསྐོས་པ་དང་གསོ་སྦྱོང་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་ལུགས་མཐུན་བྱེད་པར། ཚོགས་འདུ་གལ་ཆེན་གྱི་དགོངས་དོན། མགོ་ཁྲིད་ཀྱི་གསུང་བཤད། གནས་སྐབས་ཀྱི་སྲིད་དོན། རྒྱལ་ཁབ་ཀྱི་སྤྱི་སྐད་སོགས་སློབ་ཚན་ནང་དོན་དུ་འཇོག་དགོས་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ། ཚན་རིག་ཤེས་བྱ། སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོ་བཅས་སློབ་ཚན་དུ་ཁ་སྣོན་བརྒྱབ་ནས་ནང་བསྟན་སློབ་གསོ་ཚད་ལྡན་ཅན་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ནང་བསྟན་མཐུན་ཚོགས་ལས་འཛིན་ཡན་ཆད་ཀྱི་མཁས་དབང་དམ་པ་རྣམ་པས་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཆོས་སྦྱོང་འཛིན་གྲྭ་མེད་པ་སློབ་གཉེར་ལ་དཀའ་ངལ་ཡོད་པའི་དགོན་པ་ལ་རམ་འདེགས་མཛུབ་སྟོན་གནང་དགོས། དཔེ་ཁྲིད་དགེ་རྒན་མེད་པའམ། དབང་ལུང་མན་ངག་རྒྱུན་འཛིན་མེད་པའམ། གཞི་གསུམ་ཆོ་ག་རྒྱུན་འཛིན་མེད་པ་བཅས་དཀའ་ངལ་ཡོད་པའི་དགོན་པ་ལ་རྒྱབ་སྐྱོར་མཛད་དེ་ག་ལེར་འཐུས་ཚང་དུ་གཏང་དགོས།

མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གསུང་དོན། དགོན་པའི་དོ་དམ་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བསྲུང་བྱའི་སྒྲིག་ཡིག་ཡོད་པ་དང་འཁོར་རྒྱུག་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། རང་རྟོགས་ངང་སྲིད་གཞུང་གི་ཁྲིམས་ལྟར་དོ་དམ་དང་ལེན་ཞུ་བ་དང་། ནང་བསྟན་ཆོས་ལུགས་བྱེད་སྒོ་མ་སྤེལ་གོང་དུ་ཆོག་མཆན་སྙན་ཞུ་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་བའི་རིང་དུ་ཁྲིམས་མཐུན་ལུགས་མཐུན་ཡོང་བ་དང་བདེ་འཇགས་ཡོང་བ། གོ་རིམ་ལྡན་པ་བཅས་བྱེད་དགོས། གྲྭ་བཙུན་དཔང་ཁག་གིས་སྒྲིག་ཁྲིམས་དང་ཆོས་ཁྲིམས་ནན་པོ་སྲུང་བ་དང་། ཁྲིམས་མཐུན་དང་ལུགས་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཕྱིར་ཕྱོགས་འགྲོ་དུས་དགོངས་ཞུའི་ལམ་ལུགས་ལག་བསྟར་བྱེད་པ། བླ་རྫུན་གྲྭ་རྫུན་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་བྱེད་ཕོད་པ་བཅས་བསྟན་པར་དག་ཐེར་བྱས་ནས་ཐུགས་མཐུན་ཁྲིམས་གཙང་རྒྱུན་འཁྱོངས་བྱེད་དགོས། ནོར་དོན་དོ་དམ་ལས་ལུགས་འཛུགས་པ་དང་དགོན་པ་བདག་གཉེར་ཨུ་ལྷན་ཀྲུའུ་རེན་དང་། རྩིས་པ་དངུལ་གཉེར་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཏེ་ཁྲིམས་མཐུན་ལུགས་མཐུན་ཡོང་བར་འགན་གཙང་ལེན་བྱེད་དགོས། བྱེད་སྒོ་སྤེལ་ཡུལ་དུ་རིམས་ནད་སྔོན་འགོག་དང་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་འགོག་སྲུང་ལས་དོན་ལ་མཐོང་ཆེན་བྱས་ཏེ། དུས་རྒྱུན་དུ་དགོན་པའི་འཛུགས་སྐྲུན་དངོས་པོ་དང་། འགྲོ་ལམ། ཉེན་མེད་སོགས་ལ་ཞིབ་བཤེར་བྱེད་བཞིན་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱེད་དགོས།ནང་བསྟན་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་ལ་ཆོས་ཁྲིམས་ཆ་ཚང་བ་ཡོད། གཙོ་བོ་ཚང་མས་ཁས་བླང་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་སྲུང་དགོས། དགེ་འདུན་འདུས་སྡེས་དགོན་པའི་ནང་ཁུལ་དུ་ཐུགས་མཐུན་ཁྲིམས་གཙང་གི་རྨང་གཞི་ཐོག། ནང་བསྟན་རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་ལ་བརྩེ་གཅིག་ཏུ་གཞོལ་བ། འགྲོ་བ་ཀུན་ལ་ཕན་བདེ་འབྱུང་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དེ་ནི་གྲྭ་བཙུན་གྱི་རྩ་ཆེ་བའི་རིན་ཐང་གི་ལྟ་བ་འཇོག་དགོས། དགོན་སྡེའི་ཕྱི་རོལ་གྱི་ཁོར་ཡུག་འཛུགས་སྐྲུན་ཐད་དྭངས་གཙང་དང་། ལྷིང་འཇགས། མཛེས་སྡུག གསལ་འཚེར། སྔོ་ལྗང་ཅན་དུ་དོན་གཉེར་བྱེད་པ་དང་། དོ་དམ་ཐད་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོང་དགོས། རྣམ་པ་གསར་པའི་དུས་རབས་ལ་ཁ་ཕྱོགས་བའི་ཚེ། རང་རེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་བདག་ཅག་སྟོན་པ་ཐུགས་རྗེ་ཅན་གྱི་གདམས་ངག་མ་ལུས་པ་དང་དུ་བླངས་དགོས་པར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་བཞིན། རང་རྟོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཕྲོད་མཐུན་བྱེད་པ་དང་། ཁུལ་དང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡུན་རིང་འཆར་འགོད་ལ་དམིགས་ཏེ་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཚང་མ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཤུགས་ནུས་ཡོད་ཚད་རྩལ་དུ་བཏོན་ནས་ནང་བསྟན་ཚོགས་པས་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་འཇོན་ནུས་དེང་རབས་ཅན་དུ་མདུན་སྤེལ་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་གི་སྤྱི་ཚོགས་དང་དཔལ་འབྱོར་བཅས་པའི་བྱ་གཞག་ཁག་སྤུས་ཚད་མཐོན་པོ་སྒོ་ནས་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་གོང་འགྲིལ་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་བདེ་འཇགས་ལ་ཞབས་འདེགས་ཞུ་སྟེ་འཆམ་མཐུན་དཔལ་ཡོན་སྟོབས་འབྱོར་མཛེས་སྡུག་གི་དར་མདོ་གསར་པ་འཛུགས་སྐྱོང་བྱེད་པ་ལ་བྱས་རྗེས་འཇོག་དགོས།

མཇུག་མཐར་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་ཉིན་ཧྲིལ་པོ་གསུམ་གྱི་རིང་གི་ཚོགས་འདུའི་གྲོས་རིམ་ཡོངས་རྫོགས་ལ་ཕྱོགས་བསྡོམས་གནང་ཞིང་། ནང་བསྟན་ཆོས་ལུགས་དེ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་ཞིག་གི་སྒོ་ནས་ཡར་རྒྱས་གོང་འཕེལ་འགྲོ་དགོས་ཚུལ་དང་། མ་འོངས་པར་དགོན་སྡེའི་སྲོལ་རྒྱུན་གྱི་ལག་རྩལ་བཟང་པོ་ཇེ་རྒྱས་ཇེ་བཟང་དུ་འགྲོ་རྒྱུ་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་སེམས་ཅན་བདེ་དགའི་དཔལ་ལ་ལོངས་སྤྱོད་ཅིང་། འཛམ་གླིང་མཐའ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་འཛམ་གླིང་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་འདུན་དང་ཐུགས་བསྐྱེད་བཟང་པོས་མཐའ་བརྒྱན་ཏེ་ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ཁག་ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲུབ་པར་མཛད།

བགྲོ་གླེང་ཚོགས་འདུ་ཉིན་གསུམ་གྱི་རིང་ལ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་བཅས་པའི་སྐབས་དོན་ཆབ་སྲིད་སློབ་སྦྱོང་བྱས་ཤིང་། སི་ཁྲོན་དབྱིང་ལིང་ཧི་ཧྲི་ཁྲིམས་རྩོད་པའི་ལས་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཙེང་ཝུན་ཀྲུང་གིས་རྩ་ཁྲིམས་དང་ཉེས་ཁྲིམས། དམངས་ཁྲིམས་བཅས་ཀྱི་སྐོར་ལ་སྒྲོག་འགྲེལ་བྱས་པ་དང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཨ་པད་ཀྱིས་ཏང་དབུ་བརྙེས་ཚུལ་ནས་ཏང་གི་འདས་པའི་ལོ་རྒྱུས་དག་ཁ་གསལ་དོན་འདུས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་ཆོས་ལུགས་ལས་རིགས་མི་སྣ་དོ་དམ་བྱེད་ཐབས་སྐོར་སྒྲོག་འགྲེལ་བྱས་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་བྱེད་ཐབས་སྐོར་སྒྲོག་འགྲེལ་བྱས་ཡོད་པ་རེད།

ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་ཆེད་དུ“ཏང་བཙུགས་ལོ100རྟེན་འབྲེལ་དུ། མར་རྒྱན་མེ་ཏོག་ཏང་ལ་འབུལ”ཞེས་པའི་མར་རྒྱན་མཆོད་པའི་བཅའ་བཟོའི་ལག་རྩལ་གྱི་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་དང་། འདིས་དགོན་ཁག་སོ་སོས་སྲོལ་རྒྱུན་གྱི་མཆོད་བཅའ་ལག་རྩལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དང་། མཆོད་པའི་ཆོ་ག་འདི་ཉིད་བརྒྱུད་འཛིན་དར་སྤེལ་སོགས་ཀྱི་ཐད་ལ་ཕན་འབྲས་བླ་མེད་ཐོབ་ཡོད་པ་རེད། “ལོ་བརྒྱའི་ཀྲུང་གོའི་ཕུགས་འདུན་ལས། ནང་བསྟན་དུས་རབས་གསར་པར་བསྐྱོད”ཅེས་པའི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཡིག་གཟུགས་འབྲི་ཤོག་དང་འབྲི་རྒྱུའི་ནང་དོན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་དག་གི་གསུང་ཚིག་དང་སྙན་ངག་སོགས་ནང་དོན་གཙོ་བོར་བཟུང་ཞིང་དགོན་པ་རང་གི་བྲིས་པ་བཀོད་སྒྲིག་བྱས་ནས་བྲི་དགོས་ཚུལ་གཏན་ཁེལ་བྱས་ནས་བོད་ཡིག་བྲིས་གཟུགས་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་ཞིང་། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་པ། ལངས་གཟུགས་གསར་གཏོད་མཁན་དགེ་རྒན་རིག་འཛིན་བསྟན་སྲུང་། སི་ཁྲོན་ཞིང་ཆེན་བྲིས་གཟུགས་མཐུན་ཚོགས་ཀྱི་རྒྱུན་ལས། ཞིང་ཆེན་རིམ་པའི་ཡིག་གཟུགས་བརྒྱུད་འཛིན་པ་དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན། བོད་ཀྱི་བྲིས་པ་གྲགས་ཅན་དཔག་བསམ་དོན་གྲུབ་ལགས་གཉིས་དཔྱད་འདེམས་དགེ་རྒན་དུ་གདན་དྲངས་ནས་བྲིས་ཀྱི་ཆུ་ཚད་དང་བྲིས་ཡག་ངན། ཡིག་ནོར་ཡོད་མེད། བྲིས་པའི་ཆ་རྐྱེན། བྲིས་ཀྱི་བྱང་ཆ་སོགས་ལ་ནན་ཏན་གྱིས་དབྱེ་བསལ་བྱས་ནས་ཨང་རིམ་གྱི་དབྱེ་བ་བཀར་ཡོད་པ་རེད། འདིས་དགོན་པ་ཁག་གི་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་ལ་སྔར་ལས་མཐོང་ཆེན་དང་དང་དོད་བྱེད་པར་སྐུལ་མ་ཐེབས་ཡོད་པ་རེད། ད་དུང་དར་མདོ་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་འདས་པའི་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་།“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི” རིང་ནང་བསྟན་མཐུན་ཚོགས་ཀྱི“འཛུགས་སྐྲུན་རྣམ་ལྔ”ཡི་ལས་ཀའི་བསམ་འཆར་དང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་སྐབས་བརྗེ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས། དེང་རབས་བོད་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྗོད་བྱ་གཙོ་བོར་བྱས་ནས་བགྲོ་གླེང་བྱས་ཤིང་དགོན་པ་ཁག་གི་སྐྱེས་ཆེན་དང་འཐུས་མི་སོ་སོས་གཏམ་བཤད་གནང་བ་དང་། དར་མདོ་གྲོང་ཁྱེར་ཡོངས་ཀྱི་དགོན་པ་ཁག་གི་ལོ་རྒྱུས་རྩོམ་འབྲི་བྱ་རྒྱུར་གྲོས་བསྡུར་འཆར་འགོད་བྱས་ཤིང་། རྗེས་མའི་དུས་སྐབས་ཀྱི་ལས་ཀར་བཀོད་སྒྲིག་བྱས་ཡོད་པ་རེད།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི“ལྔ་གཉིས་གསུམ”སློབ་གསོའི་ལག་ལེན་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་ཚོགས་ཚུན་ནས་ནང་བསྟན་མཐུན་ཚོགས་ཀྱིས་ཕྱོགས་ཡོངས་ནས་འགན་ནུས་འདོན་སྤེལ་བྱས་ཤིང་དུས་ཐོག་ཏུ་དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གལ་ཆེའི་སྲིད་དོན་འཆར་འགོད་དག་ལ་རྗེས་འདེད་བྱས་ཤིང་སྒོ་ཀུན་ནས་གཙོ་གནས་སུ་གྱུར་པའི་ལས་དོན་ལས་ཁག་ལ་ཞབས་འདེགས་ཞུས་ཤིང་། འབྲེལ་ཡོད་ལས་སྒོར་སྐུལ་སྤེལ་ཏན་ཏིག་བཏང་ནས་སློབ་གསོའི་སྣེ་ཁྲིད་ཟབ་སྤེལ་བཏང་ཞིང་ནང་བསྟན་ཁྱབ་ཁོངས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་འཛིན་བྱས་ནས་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1