སེར་ཤུལ་རྫོང་བོད་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-28



       ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ་ཆེད། སྤྱི་ཟླ་6ཚེས་23ཉིན་སེར་ཤུལ་བོད་རྫོང་སྨན་རྩིས་ཁང་གིས་སྨན་ཁང་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་འཇུ་མི་ཕམ་གྱི་བོད་ལུགས་གསོ་རིག་བགྲོ་གླེང་ཚོགས་འདུ་སྐོང་འཚོགས་བྱས་ཡོད། ཐེངས་འདིའི་ཚོགས་འདུར་ས་གནས་ཁག་གི་གསོ་རིག་ཆེད་མཁས་པ་དང་སྨན་པ་མང་པོ་ཕེབས་གནང་ཡོད་པ་རེད། 
       སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག སེར་ཤུལ་རྫོང་བོད་སྨན་རྩིས་ཁང་གིས་སྨན་ཁང་བཙུགས་ནས་ལོ་ངོ་སུམ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་འཇུ་མི་ཕམ་གྱི་བོད་ལུགས་གསོ་རིག་བགྲོ་གླེང་ཚོགས་འདུ་དེ་སྨན་ཁང་གི་གསོལ་མགྲོན་ཁང་དུ་གཉེར་ཞིང་། སེར་ཤུལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུད་ཀྱི་འགན་འཁུར་མི་སྣས་ཤིས་ཚིག་གསུངས་ཡོད།

       སྤྱི་ལོ་1991ལོར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག སི་ཁྲོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཁོ་ན་སྤྱོད་པའི་སྨན་ཁང་སྟེ། སེར་ཤུལ་རྫོང་བོད་སྨན་རྩིས་ཁང་དངོས་སུ་བཙུགས་པ་དང་། ལོ་ངོ་སུམ་ཅུའི་རིང་། སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་ཕན་འབྲས་དེ་ཚད་གཞི་མཐོ་ཤོས་སུ་བཟུང་ནས། སྤུས་ལེགས་ཞབས་ཞུ་མཐའ་འཁྱོངས་བྱེད་པ་དང་། ཤེས་ལྡན་མི་སྣར་བརྟེན་ནས་སྨན་ཁང་སྟོབས་ཆེར་གཏོང་བ་དང་ཁྱད་ཆོས་ཅན་དུ་འགྱུར་བར་འབད་འབུངས་བྱེད་བཞིན་མཆིས། བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་ཁང་འཛུགས་རྒྱུའི་བྱེད་ཕྱོགས་ལ་དམིགས་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད།


       སེར་ཤུལ་རྫོང་བོད་སྨན་རྩིས་ཁང་གི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་14940ཡོད་ཅིང་། སྒོ་བསྟེན་ཁང་དང་ནད་སྡོད་ཁང་། གཞུང་ལས་ཁང་བཅས་ཀྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། འཇུ་མི་ཕམ་དྲན་གསོ་ཁང་དང་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་བཤམས་སྟོན་ཁང་། ཚད་ལྡན་སྨན་སྦྱོར་ཁང་། བོད་སྨན་འདུལ་སྦྱོང་ཁང་སོགས་ཡོད། སྨན་ཁང་དུ་ཁོག་ནད་ཚན་ཁག མོ་ནད་ཚན་ཁག བྱིས་ནད་ཚན་ཁག འགོག་བཅོས་ཚན་ཁག སྲོལ་རྒྱུན་སྨན་བཅོས་ལྟེ་གནས། དེ་བཞིན་སྨན་ལུམས་ཁམས་གསོའི་སྨན་བཅོས་ལྟེ་གནས་སོགས་ཁྱད་ལྡན་ནད་ཐོག་སྨན་བཅོས་ཚན་ཁག་བཀོད་སྒྲིག་བྱས་ཏེ། མང་ཚོགས་སྨན་པར་བསྟེན་པ་དང་སྨན་བཅོས་བྱེད་པར་ཁོར་ཡུག་ལེགས་ཤིང་སྟབས་བདེ་བསྐྲུན་ཡོད།
       དེའི་ནང་སློབ་དཔོན་ཆེན་མོ་འཇུ་མི་ཕམ་མཆོག་ལ་ཁམས་ཁུལ་གྱི་ལྷ་རྗེ་ཞེས་པའི་མཚན་སྙན་ཐོབ་ཡོད་ལ། བོད་ཀྱི་གསོ་བ་རིག་པའི་གོང་འཕེལ་གྱི་ལོ་རྒྱུས་ཐོག་རྩ་ཆེའི་བསམ་པའི་དཔལ་ཡོན་དང་རིག་གནས་ཤུལ་བཞག་མང་པོ་བཞག་གནང་ཡོད། སེར་ཤུལ་རྫོང་བོད་སྨན་རྩིས་ཁང་གིས་ཁོང་གི་གསོ་རིག་ལག་ལེན་རྒྱུན་འཛིན་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས། ལག་རྩལ་དང་གསུང་རབ་སོགས་སྔོག་འདོན་དང་དར་སྤེལ་གང་ལེགས་གཏོང་བཞིན་ཡོད།
       ཉིན་དེའི་ཕྱི་དྲོར། ཚོགས་ཞུགས་མི་སྣ་ཡོངས་ད་དུང་སེར་ཤུལ་རྫོང་བོད་སྨན་རྩིས་ཁང་དུ་གཟིགས་སྐོར་ལ་ཕེབས་ནས་སྨན་ཁང་གི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ། འཁོར་སྐྱོད་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། བོད་སྨན་རྩིང་ཁང་གི་ལས་དོན་ཁག་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།

       སེར་ཤུལ་རྫོང་བོད་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་མུ་མཐུད་རྒྱུན་འཁྱོངས་གནང་སྟེ། དེང་རབས་ཅན་གྱི་བོད་སྨན་རྩིས་ཁང་བསྐྲུན་པའི་བྱེད་ཕྱོགས་ལྟར། བོད་ལུགས་གསོ་རིག་གིས་ནད་པ་སྐྱོབ་པ་དང་། ཀུན་ལ་རོགས་རམ་གནང་བའི་སྙིང་སྟོབས་དར་སྤེལ་བཏང་ནས། སྨན་ཁང་སྔར་བས་ཆུ་ཚད་མཐོ་བ་དང་། རིམ་པ་མཐོ་བ། སྤུས་ཚད་ལེགས་པའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། སེར་ཤུལ་གྱི་ཁྱད་ལྡན་མིང་རྟགས་དང་སྨན་ཁང་རྩེ་དྲ་ཞིག་གཏོད་པ་བཅས་ཀྱིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་སེར་ཤུལ་རྫོང་མི་དམངས་ཀྱི་བདེ་ཐང་བྱ་གཞག་ལ་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་ཕུལ་དང་འབུལ་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1