དམར་དམག་གི་གཏམ་རྒྱུད་མང་བའི་ཁྱུང་མཆུའི་རི་རྒན་ན་གཞུང་ཆེན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-30


        སྤྱི་ཟླ་6པའི་ཚེས་11ཉིན། ངེད་བཅར་འདྲི་ཚོ་ཆུང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་མཁར་ནས་སྤྱི་ལེ་42ཡོད་པའི་རི་རྒན་རང་འབྱུང་སྲུང་སྐྱོབ་ཁུལ་དུ་འབྱོར། གནས་དེ་རུ་ཡངས་བའི་རྩྭ་ཐང་དང་ན་འདམ་གྱིས་ཁྱབ་ཅིང་། ལམ་འགྲམ་གྱི་དེའུ་འབུར་སྟེང་གི་བརྗིད་ཅིང་རྔམ་ལ་དགུང་དུ་ཟུག་པའི་རྡོ་རིང་ངོས་སུ་དམར་དམག་རྩྭ་ཐང་ལས་བརྒལ་བའི་དྲན་གསོ་རྡོ་རིང་ཞེས་པའི་ཡིག་འབྲུ་དམར་པོ་འགའ་བྲིས་འདུག །རྡོ་རིང་གི་མདུན་ནི་དམར་དམག་གིས་བརྒལ་མྱོང་བའི་རྩྭ་ཐང་དང་ན་འདམ་ཡིན་ལ། ད་ལྟ་ན་འདམ་གྱི་འགྲམ་དུ་ཤིང་གི་སྒྲོམ་སྐྱོར་བཟོས་ནས་ལྟ་སྐོར་འགྲོ་ཆོག་པ་མ་ཟད། ཡུལ་སྐོར་བས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་སྤོབས་པ་ལ་རོལ་མྱོང་བྱེད་བཞིན་འདུག །

        རྒྱུས་ལོན་བྱུང་བ་ལྟར་ན། ཁྱུང་མཆུའི་རི་རྒན་ན་གཞུང་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དེ་སྤྱི་ལོ་2016ལོར་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གྱུར་པ་དང་། དེ་རུ་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་ཡོད་པས་རྨ་ཆུའི་སྟོང་རྒྱུད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གཙོ་ཤོས་ཀྱི་གོ་གནས་བཟུང་ཡོད། སྤྱི་ལོ་1960ལོར་ཙུང་ལི་ཀྲུའུ་ཨེན་ལའེ་ཡིས་ཁྱུང་མཆུ་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་རྩྭ་ཐང་ཆེན་མོ་ཡིན་ཞེས་གསུངས་པ་དང་། རྩྭ་ཐང་འདིའི་ཐོག་ཏུ་དམར་དམག་ཆིག་ཁྲི་ལྷག་གིས་གཅེས་པའི་ཚེ་སྲོག་ཕུལ་མྱོང་ལ། སྔོན་གཤེགས་དཔལ་བོ་རྣམས་ཀྱི་བླ་ན་མེད་པའི་མཛད་རྗེས་དེ་དག་རྩྭ་ཐང་དང་ན་འདམ་འདིའི་སྟེང་དུ་ཐིམ་ཡོད། གནས་དེ་རུ་དམར་དམག་སྐྱོད་སྐབས་སུ་གསེར་འོད་འཕྲོ་བའི་ཉ་ཁབ་དང་འབར་ཞུན་རྐང་བདུན། ལྕང་མ་གསུམ་སོགས་ལོ་རྒྱུས་རང་བཞིན་ལྡན་ཞིང་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་ཞིག་བྱུང་མྱོང་ལ། དེ་དག་གི་རྗེས་ཤུལ་ད་དུང་ཡང་མཇལ་རྒྱུ་འདུག་སྟེ། ས་གནས་དེ་གའི་རྒན་པོ་ཚོའི་ཟེར་སྒྲོས་ལྟར་ན། ཤིང་ཐུར་སྤུ་འཇག་ཙམ་ཡང་མེད་པའི་རྩྭ་ཐང་དུ་གྲལ་སྟར་སྒྲིག་པའི་ལྕང་མ་གསུམ་ཡོད་པ་དེ་ནི། དམར་དམག་རྒྱང་སྐྱོད་སྐབས་དམར་དམག་གིས་ལག་འཁར་རྩྭ་ཐང་དུ་བཙུགས་པས་སྐྱེས་པ་རེད་ཟེར། ད་ལྟ་འདབ་ལོ་རྒྱས་ཤིང་ཡུལ་སྐོར་བའི་འདྲ་པར་ལེན་སའི་རྒྱབ་ལྗོངས་ཡག་ཤོས་གྱུར་འདུག །


        ཁྱུང་མཆུའི་རྩྭ་ཐང་ནི་མདོ་དབུས་མཐོ་སྒང་དང་སི་ཁྲོན་གཤོང་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་རྒྱ་ཁྱོན་ཤིན་ཏུ་ཆེ། མཐོ་སྒང་གི་རླན་སའི་ས་གཤིས་དང་ས་དབྱིབས་དམིགས་བསལ་ཡིན་ལ། མཚེའུ་སྐར་ཚོགས་ལྟར་བཀྲམ་ཞིང་ན་འདམ་ཡུག་ཏུ་འབྲེལ་བ་དང་ས་བབ་མཐོ་ཞིང་དྲོད་ཚད་དམའ་བ་སོགས་རང་བྱུང་གི་ཆ་རྐྱེན་ཧ་ཅང་ཉན་པས། རྩྭ་ཐང་དེའི་ས་ཁོངས་མང་ཤོས་ནི་མི་མེད་ལུང་སྟོང་ཡིན། དམར་དམག་ས་གནས་དེ་རུ་འབྱོར་རྗེས། ས་མཐོའི་ཆར་རླུང་གིས་གྲང་འཁྱགས་ཐེབས་པ་དང་། འབྲུ་རིགས་ཆད་དེ་རི་སྐྱེས་སྔོ་ཚལ་གྱིས་ལྟོགས་གསོས་བྱས། དམར་དམག་གི་དཔོན་དམག་རྣམས་ཀྱིས་“གསར་བརྗེའི་ཕུགས་འདུན་དེ་ཀུན་ལས་ལྷག་”ཅེས་པའི་དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས་དཀའ་སྡུག་ལ་འགྲན་སློང་དང་། རང་ཉིད་ལས་རྒྱལ་ཏེ་མུ་མེད་ཀྱི་རྩྭ་ཐང་བརྒལ་ཞིང་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད།


        དམར་དམག་རྒྱང་སྐྱོད་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་གསར་དུ་གཏོད་པའི་རླབས་ཆེན་གྱི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གནམ་ས་གཡོ་བའི་དཔའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་སྙན་ངག་ཅིག་ཀྱང་ཡིན། བརྗིད་ཆགས་ལྡན་པའི་རྒྱང་སྐྱོད་ཀྱི་ལེ་ཚན་ལས། གང་སར་ཉམས་ཉེན་གནས་ཤིང་། དུས་ཀུན་ཏུ་ཧ་ལས་ཤིང་ཧང་སངས་བར་བྱེད། སྤྱི་ལོ་1935ལོའི་ཟླ་4པ་ནས་སྤྱི་ལོ་1936ལོའི་ཟླ་8པའི་བར་དུ། དམར་དམག་དཔུང་ཤོག་དང་པོ་དང་གཉིས་པ། བཞི་པ་བཅས་ཀྱི་དམག་ཁག་ཆེན་པོ་གསུམ་སྔ་ཕྱིར་དེང་དུས་ཀྱི་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ན་ཟླ་བ་16གི་རིང་དུ་བརྒྱུད་པ་རེད། རྔ་པའི་ས་ཁུལ་ནི་དམར་དམག་རྒྱང་སྐྱོད་བྱེད་ཡུན་ཆེས་རིང་བ་དང་ཚོགས་འདུ་གལ་ཆེན་ཆེས་མང་པོ་འཚོགས་ས། ཆབ་སྲིད་ཀྱི་གནད་དོན་ཆེས་གཅིག་བསྡུས་ངང་ཐག་བཅད་པའི་ཤི་གསོན་ཆགས་འཇིག་གི་གནད་འགག་ཐུག་པའི་གནས་ཤིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1