ལྷ་སར་རྟེན་འབྲེལ་ཞུ་བའི་མཚན་ཚོགས་གཟབ་རྒྱས་ཤིག་འཚོགས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 07-05



            ཟླ་6ཚེས་29ཉིན་གྱི་མཚན་མོ། 《ལོ་ངོ་བརྒྱའི་རྒྱང་སྐྱོད་ལམ་བུར་འོད་སྟོང་བཏོད》ཅེས་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་དབྱངས་མཉམ་ལེན་ཆེན་པོའི་མཚན་ཚོགས་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ནས། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་རིང་རྒྱུན་འཁྱོངས་ལྷོད་མེད་བྱས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐུན་མོང་ཐོག་མྱོང་ཚོར་དང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱས་པའི་སྤོབས་ཉམས་ཆེན་པོ་ཐུན་མོང་ཐོག་མཚོན་པར་གནང་བ་རེད།

ཝུའུ་དབྱིང་ཅེ་སོགས་བོད་རང་སྐྱོང་ལྗོངས་དབུ་ཁྲིད་ཀྱིས་འཁྲབ་སྟོན་ལ་གཟིགས་བཞིན་པ།
            ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲང་ཞུའེ་ཅེ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།

མཚན་ཚོགས་འཚོག་ཡུལ།
            སྙན་པའི་གླུ་དབྱངས་ཏང་ལ་འབུལ། 《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་ཚོགས་ར་ཡོངས་ནས་གྲགས་པའི་མཉམ་གཞས་ཆེན་པོའི་ཁྲོད་མཚན་ཚོགས་འགོ་ཚུགས་ཤིང་། ཁེར་གཞས་དང་། མཉམ་གཞས། གླུ་གར། རམ་སྐྱོར་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གསར་འཛུགས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཅས་ཀྱི་དུས་སྐབས་བཞིའི་རིང་གི་དུས་མཚམས་གལ་ཆེན་དང་དོན་ཆེན་གལ་ཆེན་སྒྱུ་རྩལ་གྱི་ཐོག་ནས་བསྐྱར་དུ་མངོན་པར་བྱས་པ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་ཆེད་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་བར་བརྩེ་སེམས་ཟབ་མོས་བསྟོད་གླུ་འབུལ་བ། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་རྒྱང་སྐྱོད་ལམ་བུ་གསོན་ཉམས་དོད་པོས་མངོན་པར་བྱས་པ། ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་གཏིང་ཟབ་མངོན་པར་བྱས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བར་བརྩེ་བ་ཟབ་མོས་བསྟོད་གླུ་ཕུལ་བ། ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་བརྩེ་བ་ཟབ་པའི་བསྟོད་གླུ་བླངས་ཡོད།

མཚན་ཚོགས་འཚོག་ཡུལ།
            མཚན་ཚོགས་བརྗིད་ཉམས་ཆེ་ལ་མི་སེམས་འགུལ་བ་ཞིག་ཡོད་པ་མ་ཟད། ལྟ་རུང་བ་དང་། ཉན་རུང་བ། མྱོང་རུང་བ། གླུ་རུ་ལེན་རུང་བ་བཅས་ཟུང་དུ་འབྲེལ་བའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་པ་དང་མཚན་ཚོགས་སུ་ཡོད་པའི་ལྟད་མོ་བ་དང་འཁྲབ་སྟོན་པ་སྤེལ་རེས་དང་མང་ཚོགས་ཞུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་ལེན་དངོས་ཀྱི་གར་སྟེགས་བསྐྲུན་པར་ལྟད་མོ་བའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། མཇུག་ཏུ་ཚོགས་ར་ཡོངས་ནས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གྲུ་གཞས་མཉམ་དུ་བླངས་ཏེ་མཚན་ཚོགས་ཀྱི་མཐོ་རླབས་འཕྱུར་བ་བྱས་ཤིང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་སྤོབས་སེམས་མཚོན་པར་བྱས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད།

མཚན་ཚོགས་འཚོག་ཡུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1