དབྱིན་ཇིས་དབྱིན་ཀི་ལན་ས་ཁུལ་ལ་བཀག་སྡོམ་བྱེད་མཚམས་འཇོག་པའི་འཆར་གཞི་ཞིབ་ཕྲ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-07


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇི་སྲིད་གཞུང་གིས་ཚེས་ལྔ་ཉིན་དབྱིན་ཀི་ལན་ས་ཁུལ་ལ་མཇུག་མཐའི་དུས་རིམ་གྱི་བཀག་སྡོམ་བྱེད་མཚམས་འཇོག་པའི་འཆར་གཞི་ཞིབ་ཅིང་ཕྲ་བ་བསྒྲགས་པ་དང་། དེའི་ནང་དུ་བཀག་སྡོམ་བྱེད་མཚམས་བཞག་ཚེ། ཚོང་ཁང་དང་ས་འོག་མེ་འཁོར་སོགས་མི་མང་འདུ་ས་རུ་ཁ་ཐུམ་རྒྱག་དགོས་པའི་གཏན་ཁེལ་ཡང་མེད་པར་གཏོང་རྒྱུ་སོགས་འདུ།
        དབྱིན་ཇི་སྲིད་གཞུང་གི་འཆར་གཞི་ལྟར་ན། གལ་ཏེ་རིམས་ནད་ཀྱི་གནས་བབ་འཕེལ་སྟབས་དེ་དཔྱད་འཇོག་གི་ཚད་གཞི་དང་མཐུན་ཚེ། མཇུག་མཐའི་དུས་རིམ་གྱི་བཀག་སྡོམ་བྱེད་མཚམས་འཇོག་པའི་བྱེད་ཐབས་དེ་ཚེས་བཅུ་དགུ་ཉིན་ལག་བསྟར་བྱེད་རྒྱུ་རེད། ཚེས་བཅུ་གཉིས་ཉིན་དབྱིན་ཇི་སྲིད་གཞུང་གིས་འཆར་གཞི་དེ་ལྟར་མཇུག་མཐའི་དུས་རིམ་གྱི་བཀག་སྡོམ་བྱེད་མཚམས་འཇོག་མིན་དངོས་སུ་ཐག་གཅོད་རྒྱུ་རེད།
        མཇུག་མཐའི་དུས་རིམ་གྱི་བཀག་སྡོམ་བྱེད་མཚམས་འཇོག་པའི་འཆར་གཞི་ཞིབ་ཅིང་ཕྲ་བ་ལྟར་ན། དབྱིན་ཇི་སྲིད་གཞུང་གིས་ཁ་ཐུམ་རྒྱག་དགོས་པའི་གཏན་ཁེལ་མེད་པར་གཏོང་རྒྱུ་མ་ཟད། འདུ་འཛོམས་ཀྱི་མི་གྲངས་ལ་ཡང་ཚོད་འཛིན་བྱེད་རྒྱུ་མ་ཟད། དམིགས་བསལ་གྱི་ས་གནས་མ་གཏོགས། མི་དང་མིའི་བར་དུ་སྨི་གཅིག་གི་བར་ཐག་ཡང་འཇོག་རྒྱུ་མ་རེད། ཚོང་གཉེར་གྱི་གནས་ཚང་མས་ཡང་བསྐྱར་ཚོང་གཉེར་བྱེད་ཆོག་པ་དང་། གཞུང་དོན་ཡང་ཁྱིམ་ནས་བསྒྲུབ་མི་དགོས་ཟེར།
        དབྱིན་ཇི་སྲིད་གཞུང་གིས་དེ་སྔོན་བསྒྲགས་པའི་བཀག་སྡོམ་བྱེད་མཚམས་འཇོག་པའི་འཆར་གཞི་ལྟར་ན། གལ་ཏེ་པྲོག་གསར་གློ་ཚད་ཀྱི་གནས་བབ་བརྟན་འཇགས་ཡིན་ཚེ། དབྱིན་ཀི་ལན་ས་ཁུལ་ལ་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་མཇུག་མཐའི་དུས་རིམ་གྱི་ལྷོད་ཡངས་སུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་དགོས། ཡིན་ནའང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡེའོ་ཧན་ཞུང་གིས་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་བསྒྲགས་རྒྱུར། རིགས་འགྱུར་བའི་པྲོག་གསར་གློ་ཚད་ཀྱི་ནད་དུག་ཏི་ཨར་ཐ་ཞེས་པ་དེ་དབྱིན་ཇིའི་ས་ཁུལ་ཁ་ཤས་སུ་མྱུར་མོར་མཆེད་པས། དབྱིན་ཀི་ལན་ས་ཁུལ་དུ་མཇུག་མཐའི་དུས་རིམ་གྱི་བཀག་སྡོམ་བྱེད་མཚམས་འཇོག་པའི་དུས་ཚོད་ཀྱང་གཟའ་འཁོར་བཞིའི་རིང་རྗེས་སུ་བསྣུར་བ་ཡིན་ཟེར།
        དབྱིན་ཇི་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་ལྔ་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། རྒྱལ་ཁབ་དེར་ཉིན་དེར་ནད་ངོས་བཟུང་བའི་ནད་པ་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་སོ་བཞི་ཇེ་མང་དུ་སོང་ལ། བསྡོམས་པས་ནད་ངོས་བཟུང་བའི་ནད་པ་ས་ཡ་བཞི་དང་འབུམ་དགུ་ཁྲི་གསུམ་ལྔ་བརྒྱ་དང་སོ་བཞི་ཡོད་ལ། ཚེ་འདས་ནད་པ་དགུ་ཇེ་མང་དུ་སོང་ལ། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ཉིས་བརྒྱ་དང་སོ་གཅིག་ཚེ་ལས་འདས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1