རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་འབྲི་བཞེངས་ལེགས་གྲུབ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-09




    སྤྱི་ཟླ7པའི་ཚེས6ཉིན། རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་འབྲི་བཞེངས་ལེགས་འགྲུབ་བྱུང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཝེ་ཡའེ་ན་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོར་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་སྟག་འབུམ་ཐར་སོགས་པེ་ཅིང་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ཞིང་ལྗོངས་ནས་ཕེབས་པའི་འགོ་ཁྲིད་དང་ཆེད་ལས་མཁས་པ་སོགས་མི150ལྷག་ཞུགས་ཡོད།  


    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་ནི་མཚོ་སྔོན་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་བཞེངས་པ་དང་། སྤྱི་གཉེར་ཁང་དེ་ནི་སྤྱི་ལོ་2016ལོར་བཙུགས་ཤིང་། གཙོ་བོ་གསེར་བྲིས་ཀྱི་འབྲི་བཞེངས་གཙོ་བོར་འཛིན་པའི་རིག་གནས་ཐོན་ལས་ཀྱི་ཁེ་ལས་ཤིག་རེད། ལས་སྒོའི་རྣམ་གྲངས་ལ་གནའ་དེང་གསུང་འབུམ་གསེར་བྲིས་དང་ཐང་ག་ཚོན་རིས་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད་པ་མ་ཟད། མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སྤེལ་རེས་དང་རྒྱུན་འཛིན། གསོ་སྐྱོང་། འགྲེམ་སྟོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་སྦྲེལ་ཡོད་པ་རེད། ད་ལྟའི་ཆར། སྤྱི་གཉེར་ཁང་དུ་ལས་བཟོ་པ་120ལྷག་ཡོད་པ་དང་། སྤྱི་གཉེར་ཁང་གིས་སྔ་རྗེས་སུ་རྗེ་ཙོང་ཁ་པའི་གསུང་འབུམ་དང་། ལྷ་རམས་པ་ངག་དབང་བསྟན་དར་གྱི་གསུང་འབུམ། ལམ་སྔགས་འཛམ་གླིང་རྒྱན་གཅིག དེ་བཞིན་འཛམ་གླིང་སྟེང་ཆེས་ཆེ་བའི་གླེགས་བམ་གླང་རྒྱབ་མ་དང་ཆེས་ཆུང་བའི་གླེགས་བམ་བྱེའུ་རྒྱབ་མ། རྡོ་རྗེ་གཅོད་པ་དང་ཤེར་སྙིང་། བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་སོགས་ཀྱིས་མཚོན་པའི་གསེར་བྲིས་ཆེ་ཆུང་2000ལྷག་འབྲི་བཞེངས་མཛད་ཡོད།
    མཛད་སྒོའི་སྟེང་དུ། འབྲེལ་ཡོད་འགོ་ཁྲིད་དང་བོད་རིག་པའི་ཆེད་མཁས་པ་སོགས་ཀྱིས་ཤིས་ཚིག་དང་གཏམ་བཤད་གནང་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་དུས་སྐབས་འདིར། བོད་ཀྱི་གཙུག་ལག་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་གསེར་བྲིས་ཀྱིས་འབྲི་བཞེངས་མཛད་པ་དེ་ནི་མི་རིགས་རིག་གནས་རྒྱུན་འཛིན་ཐད་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་ལ་བྱས་རྗེས་བླ་མེད་བཞག་པ་ཞིག་རེད། ཡིག་ཚང་གི་རིན་ཐང་ཡོད་པ་དང་མི་རིགས་ལག་བཟོས་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་ལས་གཞི་འདི་ལྟ་བུ་ཞིག་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་ཕུལ་བ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་ཐད་མི་རིགས་རིག་གནས་ཀྱིས་བཞག་པའི་བྱས་རྗེས་ཀྱང་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

  
    ཉིན་དེའི་ཕྱི་དྲོར། བཀའ་བསྟན་གསེར་བྲིས་རིག་གནས་བགྲོ་གླེང་སྐབས་གསུམ་པའང་འཚོགས་ཤིང་། འབྲེལ་ཡོད་ཆེད་མཁས་དང་ཤེས་ཡོན་པ་སོགས་བགྲོ་གླེང་སྟེང་ཞུགས་ཏེ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་འབྲི་བཞེངས་མཛད་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། དེའི་རིན་ཐང་དང་ཁྱད་ཆོས། བསྡུ་ཉར་བྱེད་ཐབས་སོགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་བགྲོ་གླེང་གནང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1