རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་གོ་ལ་ཧྲིལ་བོའི་ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-13


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན་གཉིས་ཀྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གྲོས་ཚོགས་ཚེས10ཉིན་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ཝེ་ནི་སི་ནས་མཇུག་སྒྲིལ་བ་རེད། རྒྱལ་ཁབ་སོ་སོའི་འཐུས་ཚབ་པས་གོ་ལ་ཧྲིལ་བོའི་དཔལ་འབྱོར་དང་བདེ་ཐང་། དཔལ་འབྱོར་སླར་གསོ་ལ་སྐུལ་འདེད། ལྗང་མདོག་རྒྱུན་མཐུད་ཀྱི་དཔལ་འབྱོར་དང་སྤྱིི་ཚོགས་བར་བརྒལ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་ཤིང་། མུ་མཐུད་དུ་གོ་ལ་ཧྲིལ་བོའི་ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་ནས། རྒྱལ་ཁོངས་བརྒལ་བའི་ཁེ་ལས་ལ་གོ་ལ་ཧྲིལ་བོའི་ཆེས་དམའ་བའི་ཁྲལ་འབོར་གཏན་འཁེལ་བྱ་རྒྱུ་རེད།
        འདི་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ད་ལོའི་ཚུན་ནས་སྤེལ་བའི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གྲོས་ཚོགས་ཐེངས་གསུམ་པ་ཡིན་ལ། པྲོག་གསར་གློ་ཚད་རིམས་ནད་བྱུང་ཚུན་དུ་ངོ་འཕྲད་གྲོས་ཚོགས་འཚོགས་པ་ཐེངས་དང་པོ་ཡིན། གྲོས་ཚོགས་ཀྱི་རྗེས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། ཚོགས་ཞུགས་པས་སྔར་བས་གཏན་འཇགས་དང་སྔར་བས་དྲང་སྙོམས་ཡིན་པའི་རྒྱལ་སྤྱིའི་ཁྲལ་སྡུད་སྒྲིག་གཞི་ལ་ལོ་རྒྱུས་རང་བཞིན་གྱི་གྲོས་མཐུན་བྱུང་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་འཁོར་ཀྲུའུ་ཞི་སྟེ་དབྱི་ཐ་ལིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ཏ་ཉི་ཨའེ་ལའེ་ཧྥོ་ལང་ཀུ་ཡིས་གྲོས་ཚོགས་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཚོགས་ཞུགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་ཁྲལ་སྡུད་སྒྲིག་གཞིའི་སྲོག་ཤིང་ནང་དོན་གཉིས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་བསྟན་པ་སྟེ། རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཀྱི་ཁེ་སྤོགས་བགོ་བཤའ་དང་ཕན་ནུས་ལྡན་པའི་གོ་ལ་ཧྲིལ་བོའི་ཆེས་དམའ་བའི་ཁེ་ལས་ཁྲལ་འབོར་ལག་བསྟར་བྱེད་པར་འཐད་པ་བྱུང་། རྒྱལ་ཁབ་སོ་སོའི་འཐད་པ་བྱུང་བའི་ཐུན་མོང་གི་ངོས་འཛིན་གྱིས་མ་འོངས་པར་རྒྱལ་སྤྱིའི་ཁྲལ་སྡུད་ལམ་ལུགས་གཏན་འཇགས་སུ་འགྲོ་བར་ཕན་ནུས་ཐོན་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1