གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༣ཉིན།

མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་གི་རྟ་རྒྱུག་རིག་གནས་དུས་ཆེན་གྱི་མཐོང་ཐོས།


—— མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་གི་རྟ་རྒྱུག་རིག་གནས་དུས་ཆེན་གྱི་མཐོང་ཐོས།
འདི་ནི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་རྟ་རྒྱུག་རིག་གནས་དུས་ཆེན་གྱི་ལས་དོན་མི་སྣའི་མཉམ་པར་ཡིན་པ།
         ཟླ་6ཚེས་18ཉིན་གསར་འགོད་པ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་དུ་སླེབས།
         ལོ་66ལ་སླེབས་པའི་སྐལ་བཟང་བསྟན་དར་མལ་ལས་ལངས་རྗེས་ཀྱི་ལས་དང་པོ་ནི་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་རྒྱུ་དེ་རེད། ཁོང་གིས་ཤེལ་སྒོར་ལྟ་བ་དང་བྲེལ་འཚུབ་ངང་པགས་ཕོར་པ་གང་བཟས་རྗེས་ལམ་སེང་ཆུ་ལྷོ་གྲོང་ཚོའི་རྟ་རྒྱུག་ཐང་དུ་བསྐྱོད་དེ་ས་ཆ་ཡག་པོ་ཞིག་བདམས་རྗེས་རྟ་རྒྱུག་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་འགོ་ཚུགས་རྒྱུར་སྒུག་ནས་བསྡད།
         སྐལ་བཟང་བསྟན་དར་གྱི་མི་ཚེ་གང་པོ་རྟ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ལོ་30ལྷག་ཙམ་གོང་ཁོང་ནི་ཆུ་ལྷོ་ཤང་གི“རྟ་པ”ཞིག་ཡིན་པ་དང་ཁོང་གིས་ཤང་ལ་རྟ་20ལྷག་ཙམ་གསོ་རོགས་བྱས། དུས་རབས་གོང་མའི་ལོ་རབས་90པའི་རྗེས་སུ་ཤང་སྲིད་གཞུང་ལ་རླངས་འཁོར་ཡོད་པས་ཁོང་གིས་ལས་གནས་བརྗེས་ཏེ་ཤང་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་སྒྲུབ་རོགས་བྱེད་ཀྱི་ཡོད། ད་ཆ་ཁོང་སྔར་བཞིན་རྟ་བཞོན་རྒྱུར་ཧ་ཅང་དགའ་པོ་ཡོད།
         རྟ་རྒྱུག་ནི་ཆུ་ལྷོའི་དོན་ཆེན་ཞིག་ཡིན་པས་ལོ་གསར་གཏོང་བ་ལྟར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། གསར་འགོད་པས་རྒན་རྒོན་མང་པོར་བཅར་འདྲི་བྱེད་སྐབས་སུས་ཀྱང་ཆུ་ལྷོའི་རྟ་རྒྱུག་དུས་ཆེན་ནི་དུས་གང་ཞིག་ཏུ་འགོ་ཚུགས་མིན་གསལ་པོར་ཤེས་ཀྱི་མེད། བོད་དུ་རྟ་ནི་འགྲིམ་འགྲུལ་ཡོ་བྱད་ཡིན་པའི་དུས་རབས་སྔ་ས་ནས་འདས་ཟིན། འོན་ཀྱང་ད་ཆ་རྟ་རྒྱུག་དུས་ཆེན་གྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ནུས་པ་དེ་བས་མང་བ་འདོན་བཞིན་ཡོད།
         རྟ་རྒྱུག་གཏོང་ཡུལ་དུ་གསར་འགོད་པས“ལོ་ངོ་བརྒྱ་ཡི་འབད་འཐབ་ལམ་བུ་ངོ་མཚར་ཆེ། རྒྱང་སྐྱོད་ལམ་བུ་གསར་པར་སླར་ཡང་སྐྱོད་འགོ་ཚུགས”ཞེས་པའི་དྲིལ་བསྒྲགས་སྦྱར་ཡིག་དེ་བས་མངོན་གསལ་དོད་པོར་མཐོང་བྱུང་། ཆུ་ལྷོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས“ད་བར་རྟ་རྒྱུག་རིག་གནས་དུས་ཆེན་སྐབས་བཅུ་བཞི་གཉེར་བ་དང་། འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ཏག་ཏག་འཁེལ་བས། སྐབས་འདིའི་རྟ་རྒྱུག་རིག་གནས་དུས་ཆེན་ལ་དུས་ཆེན་གྱི་རྣམ་པས་རབ་ཏུ་ཁེངས་ཡོད”ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ལྷོ་ཤང་གི་གྲིབ་མ་དང་། གཞུང་མ། ཆུ་ལྷོ། ཉི་གཞུང་བཅས་གྲོང་ཚོ་བཞིའི་མང་ཚོགས་2000ལྷག་ཙམ་ཕུད། ཉེ་འཁོར་གྱི་སྤྱི་ལེ་དྲུག་ཅུ་བདུན་ཅུའི་སར་ཡོད་པའི་མཚོ་ཆེན་གྲོང་རྡལ་དང་རྐྱང་ཧྲེང་ཤང་གི་འབྲོག་པ་ཚོས་ཀྱང་རང་ཁྱིམ་གྱི་རིན་ཐང་སྒོར་ཁྲི་བཅུ་ལྷག་ཙམ་རི་བའི་རྟ་བཞོན་པ་དང་། རང་ཁྱིམ་གྱི་རླངས་འཁོར་བཏང་སྟེ་རིག་གནས་དུས་ཆེན་གྱི་བྱེད་སྒོར་ཞུགས་ཡོད།
         “མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཞིང་། དེ་སྔོན་ཚང་མས་རྐང་ཐང་མ་ཡང་ན་རྟ་བཞོན་ནས་རྟ་རྒྱུག་དུས་ཆེན་ལ་ཞུགས་ཀྱི་ཡོད། ད་ཆ་ཚང་མས་རླངས་འཁོར་བཏང་ནས་ཡོང་གི་འདུག”ཅེས་ཆུ་ལྷོ་ཤང་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་པད་མས་བཤད།
         རྟ་རྒྱུག་དུས་ཆེན་རིང་འབྲོག་པ་དབང་རྡོར་གྱིས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་གིས་གསོས་པའི་རྟ་གསུམ་གྱིས་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བླངས་པས་རེད། “རྟ་གསུམ་པོའི་རིན་ཐང་འཕར་ངེས་རེད་ལ། བྱ་དགའ་འཐོབ་མྱོང་བའི་རྟ་ཚང་མར་རིན་གོང་མཐོ་པོ་རག་གི་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།
         ཆུ་ལྷོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་དང་ཤང་གི་ལས་བྱེད་པ་ཚོ་རིག་གནས་དུས་ཆེན་རིང་བྲེལ་བ་ཆེ་ཤོས་ཡིན་ཞིང་། རིག་གནས་དུས་ཆེན་འགོ་མ་ཚུགས་གོང་ལས་འགན་ཁུར་མ་ཐག་པའི་ན་གཞོན་གྱི་ཧྲུའུ་ཅི་ཁོང་དང་ཤང་གི་ལས་བྱེད་པ་ཚོས་སྲོལ་རྒྱུན་དུས་ཆེན་ལ་ནང་དོན་གསར་པ་སྣོན་རྒྱུར་བསམ་བློ་གཏོང་བཞིན་མཆིས།
         དེར་བརྟེན་ཤང་ཏང་ཨུད་དང་སྲིད་གཞུང་གིས“ཐབས་མཆོག”བཏོན་པ་སྟེ། རིག་གནས་དུས་ཆེན་དེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚོར་བར་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་རྒྱུ་དེ་རེད།
         མང་ཚོགས་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཉི་མ་ཚེ་རིང་གིས་གྲོང་ཚོ་བཞིའི་སྒྲོག་འགྲེལ་བ་8ཁྲིད་དེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གཏམ་བཤད་འགྲན་བསྡུར་སྤེལ་ཏེ་བྱེད་སྒོར་ཚ་རླབས་ཆེན་པོ་བསླངས་པ་རེད། ཉི་མ་ཚེ་རིང་གིས“སྙིང་པོས་དབེན་པའི་སྒྲོག་འགྲེལ་བྱ་མི་རུང་། ངེས་པར་དུ་ཚང་མའི་སེམས་ལ་ཟུག་པའི་སྒྲོག་འགྲེལ་ཞིག་བྱས་ནས་མང་ཚོགས་ཚོས་གོ་ཐུབ་པ་དང་། སེམས་ལ་ངེས་པ། སྤྱོད་ཐུབ་པ་བཅས་བྱེད་དགོས” དེར་བརྟེན་ཤང་གི་ལས་བྱེད་པ་ཚོས་དྲིལ་བསྒྲགས་ཤོག་བྱང་ཁྱེར་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཞོར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
         འགྲན་རའི་ཕྱི་རོལ་ཏུའང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་ཅིང་། གནས་སྐབས་གུར་72བརྒྱབ་པའི་ནང་ནས་གུར་53ནི་ཚོང་འདུས་ལ་སྤྱད་ཡོད། གུར་གྱི་ཇ་ཁང་དང་། གུར་གྱི་ཚོང་ཁང་ཡོད་ལ། ད་དུང་མི་རིགས་ཀྱི་གྱོན་ཆས། རྒྱུན་མཁོའི་བརྒྱ་ཟོག བྱིས་པའི་རྩེད་ཆས་སོགས་སྣ་ཁ་འཛོམས་པས། ཚོང་འདུས་ལ་ལྟ་བར་ཡོང་མཁན་འཚང་ཁ་ཤིག་ཤིག་ཡོད་པ་རེད།
         “ཆུ་ལྷོ་ཤང་ནི་འབྲོག་ལས་རྐྱང་པའི་ཤང་ཞིག་ཡིན་ཞིང་། 2019ལོར་ཤང་ཡོངས་དབུལ་གྲོལ་ཐུབ་ཡོད”ཅེས་ཆུ་ལྷོ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་ཚེ་རིང་གིས་གསར་འགོད་པར་བརྗོད། ཆུ་ལྷོ་ཤང་གི་དུད་ཚང་781གི་མི་གྲངས་2865ལ་ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4བྱུང་བ་ལས། འབྲོག་ལས་ཡོང་འབབ་ཀྱིས་40%ཡན་བཟུང་ཡོད། ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཤར་རླུང་ལ་བརྟེན་ནས། ཆུ་ལྷོ་ཤང་གིས་ཉི་གཞུང་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ་དུད་སྦྲེལ་ཕྱུགས་འཚོ་སྒྱུར་བཅོས་ཀྱིས་གྲོང་མིའི་ནོར་ལུག་གཅིག་སྡུད་དང་གྲོང་མི་གླས་ནས་ཕྱུགས་འཚོ་རུ་བཅུག་ནས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་ཕྱུགས་འཚོ་རིང་བཅིངས་འགྲོལ་བཏང་ཡོད། “དེའི་ནང་འབྲོག་པ་80ཕྱིར་གླ་པར་བསྐྱོད་པ་ལས། དུས་ཚིགས་རང་བཞིན་གྱི་གླ་པ་དང་། ཚོང་ཁང་གཉེར་མཁན། ཇ་ཁང་གཉེར་མཁན་བཅས་ཡོད། ཚོད་རྩིས་རགས་ཙམ་བྱས་ན། སྒྱུར་བཅོས་ཀྱི་རྣམ་གྲངས་དེ་ཁོ་ནས་ཉུང་མཐར་ཡང་གྲོང་མི་80ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ཡན་བྱུང་ཡོད”ཅེས་བསོད་ནམས་ཚེ་རིང་གིས་བཤད།
         འབྲོག་ལས་སྒྱུར་བཅོས་ལ་ཕན་འབྲས་རགས་ཙམ་ཐོན་པ་དེར་ཤང་གི་ལས་བྱེད་པ་ཚོ་བློ་ཡིད་ཚིམ་ནས་བསྡད་མེད། བསོད་ནམས་ཚེ་རིང་གིས་ཉི་གཞུང་གྲོང་ཚོའི་སྟག་རྐྱལ་མཚོར་ཚྭ་འབུ་ཐོན་འབོར་ཆེན་པོ་ཡོད་པས། ཐོན་ཁུངས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཚོ་དེས་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཚྭ་འབུ་གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་བྱས་ཡོད། མང་ཚོགས་ཀྱིས་ཚྭ་འབུ་རྒྱ་མ་གང་ཆུ་ནས་བླངས་པར་ཡོང་འབབ་སྒོར་10ཙམ་བྱུང་ཡོད་པ་དང་། གྲོང་མི་ལ་ལར་ཚྭ་འབུ་ཆུ་ནས་བླངས་པ་ཁོ་ནར་ལོར་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་བྱུང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་ལའང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་འཕར་སྣོན་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
         གཞན་ཡང་ཆུ་ལྷོ་ཤང་གིས་ད་དུང་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་མི་རིགས་གྱོན་ཆས་བཟོ་གྲྭ་བཙུགས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་མཉམ་སྡེབ་དང་གྲོང་མིའི་ཡོང་འབབ་ཐད་ཀར་འཕར་ཡོད་པ་རེད།
         བྱ་འཕུར་བ་ལྟར་གོང་དུ་འཕེལ་བའི་ཆུ་ལྷོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་ཚུལ་ཞིག་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1