གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༤ཉིན།

ཡོ་རོབ་གླིང་གིས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་རྒྱུར། ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཡུན་དེ་ཟླ་དྲུག་གིས་ཇེ་རིང་ལ་བཏང་སྟེ་སང་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་བཀག་སྡོམ་བྱེད་རྒྱུ་ཡིན་ལ། རྒྱུ་མཚན་ནི་ཨུ་རུ་སིས་མེན་སི་ཁིའི་གྲོས་ཆོད་ལག་བསྟར་གང་ལེགས་བྱེད་མ་ཐུབ་པ་དེ་ཡིན་ཟེར།
        ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཟླ་དྲུག་པའི་ཟླ་སྨད་ཀྱི་ཡོ་རོབ་གླིང་གི་རྩེ་རིམ་ཚོགས་འདུའི་སྟེང་། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་ཨུ་རུ་སིས་མེན་སི་ཁིའི་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགན་འཁྲི་ལེགས་པོར་ཁུར་རྒྱུའི་འབོད་སྐུལ་བཏང་བ་དང་། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་ལངས་ཕྱོགས་ལ་ངོ་བོ་རང་བཞིན་གྱི་འགྱུར་བ་གཏོང་བའི་གནད་འགག་གི་ཆ་རྐྱེན་ཡིན་ཟེར།
        གསལ་བསྒྲགས་ནང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱས་པ་དེས་ཨུ་རུ་སིའི་དངུལ་ཁང་དང་སྤྱི་གཉེར་ཁང་ཁ་ཤས་ཡོ་རོབ་གླིང་གི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་མ་རྩའི་ཁྲོམ་རར་ཞུགས་པར་ཚོད་འཛིན་བྱས་པ་དང་། ཨུ་རུ་སི་ལ་ནུས་ཁུངས་ཁྱབ་ཁོངས་སུ་བཀོལ་བའི་གནད་འགག་ལག་རྩལ་ཁ་ཤས་ཐོབ་པར་སྔར་ལས་ཚོད་འཛིན་བྱས་ཡོད། བཀག་སྡོམ་བྱེད་ཐབས་ཀྱིས་ཨུ་རུ་སིའི་དངུལ་རྩའི་ལས་ཁུངས་ལ་དངུལ་རྩའི་རོགས་སྐྱོར་དང་བར་ཁེའི་ལས་སྒོ་སྣ་ཚོགས་འདོན་སྤྲོད་བྱེད་པར་བཀག་འགོག་བྱས་པ་དང་། ཨུ་རུ་སིས་ཐད་ཀར་དང་ཡང་ན་གཞན་བརྒྱུད་ཀྱིས་རྒྱལ་སྲུང་དང་འབྲེལ་བའི་མ་བཅོས་རྒྱུ་ཆ་ཡོད་ཚད་ནང་འདྲེན་དང་ཕྱིར་གཏོང་ཡང་ན་ཕྱིར་འཚོང་བྱེད་པར་བཀག་འགོག་བྱས་ཡོད་ཟེར།
        ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་སུ་གཏན་འཇགས་མིན་པའི་དོན་དག་བཟོས་པ་རྒྱུ་མཚན་དུ་བྱས་ནས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱས། ཉིས་སྟོང་བཅོ་ལྔ་ལོའི་རྗེས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་དུས་ཡུན་དེ་མེན་སི་ཁིའི་གྲོས་ཆོད་ལག་བསྟར་གྱི་གནས་ཚུལ་དང་སྦྲེལ་རྒྱུ་ཡིན་ཞེས་བསྟན། མེན་སི་ཁིའི་གྲོས་ཆོད་ཀྱི་དམིགས་འབེན་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ཤར་ཕྱོགས་སུ་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མེན་སི་ཁིའི་གྲོས་ཆོད་ལག་བསྟར་གང་ལེགས་བྱས་མེད་པ་རྒྱུ་མཚན་དུ་བྱས་ནས། ཨུ་རུ་སི་ལ་བཀག་སྡོམ་བྱེད་ཡུན་དེ་ཐེངས་མང་པོར་ཇེ་རིང་དུ་བཏང་བ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་ལག་བསྟར་བྱེད་པའི་བཀག་སྡོམ་གྱི་དུས་ཡུན་དེ་ད་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ལོངས་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ལ་ཁ་གཏད་འཇལ་ཆེད། ཨུ་རུ་སིས་ཕྱིར་དེ་ལ་བཀག་སྡོམ་བྱེད་པའི་ཐབས་ཤེས་སྤྱོད་བཞིན་ཡོད།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1