སི་ཁྲོན་རྔ་བར་རི་སྐྱེས་དོམ་ཁྲ་ཞིག་མཐོང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-16




    སྤྱི་ཚེས་12ཉིན། སི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་མི་ཞིག་གིས་རྫོང་དེའི་རི་བོ་ཞིག་གི་རི་གཤམ་དུ་ཆུ་འཐུང་བར་ཡོང་བའི་དོམ་ཁྲ་ཞིག་མཐོང་ཡོད་པ་རེད།
    སྐབས་དེར་གཅེས་པར་འོས་པའི་དོམ་ཁྲ་དེ་རི་མགོ་ནས་དལ་བུར་རྫ་གསེབ་ཀྱི་ཆུ་ཁུངས་ཤིག་ཏུ་ཆུ་འཐུང་དུ་ཡོང་བ་དང་། དེ་རྗེས་ཡང་དལ་བུར་ལམ་དེ་ནས་ཕྱིར་ལོག་ཡོད་པ་རེད།
    གསར་འགོད་པས་ཤེས་རྟོགས་བྱུང་བར། ས་ཁོངས་དེ་ནི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཟུང་ཆུའི་གླིང་ཁུལ་གྱི་དཔལ་དབྱང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་གཏོགས་ཤིང་། ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི་2200ཡས་མས་ཟིན་གྱི་ཡོད་པ་དང་། གྲོག་རོང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་བཅུ་ལྷག་ཙམ་ཡོད། སྲུང་སྐྱོང་ཁུལ་ནང་གི་གདོད་མའི་ནགས་ཚལ་སྟུག་པོ་ཡོད་པས། སྲོག་ཆགས་འཚོ་གནས་བྱེད་པར་འཚམ་པོ་ཡོད།
   དོམ་ཁྲ་ནི་མཚོ་ངོས་མཐོ་ཚད་སྨི་2600ནས་3500བར་གྱི་སྨྱུག་ཚལ་སྟུག་པོའི་ཁྲོད་འཚོ་གནས་བྱེད་པ་དང་། དེ་གར་ལོ་ཧྲིལ་པོའི་མཁའ་དབུགས་སྲབ་ཅིང་སྨུག་སྤྲིན་འཐུལ་ཡོད་ལ། དྲོད་ཚད་20℃ལས་དམའ་བ། སྨྱུག་མ་འདང་ངེས་ཡོད་པ་དང་། ས་དབྱིབས་དང་ཆུ་ཁུངས་ཀྱི་ཁྱབ་ཚུལ་ནི་སྲོག་ཆགས་དེ་རིགས་གནས་ཚང་བཟོ་བ་དང་ཕྲུ་གུ་གསོ་སྐྱོང་བྱེད་པར་འཚམ་པོ་ཡོད། དོམ་ཁྲ་སྡོང་མགོར་འཛེག་རྒྱུར་མཁས་ཤིང་རྩེད་འཇོར་ལ་དགའ། སྡོང་མགོར་འཛེག་པའི་བྱ་སྤྱོད་ནི་སྤྱིར་བཏང་དུ་གཉེན་སྒྲིག་ཞུ་བའི་དུས་ལ་ཉེ་བའམ་ཡང་ན་ཉེན་ཁ་ལས་བྱོལ་བ། ཡང་ན་ཕན་ཚུན་ལམ་འཕྲད་བྱུང་སྐབས་ཉམས་ཆུང་གིས་སྟོབས་ལྡན་ལ་བྱོལ་བའི་ཐབས་ཤིག་ཀྱང་ཡིན། དོམ་ཁྲས་ཉིན་རེར་ཟས་ཟ་བའི་དུས་ཚོད་ཕྱེད་ཀ་ཕུད་དེ་མིན་གྱི་དུས་ཚོད་ཕྱེད་ཀ་ཡོངས་ལ་མང་ཆེ་བར་གཉིད་ཉལ་གྱི་ཡོད། ཕྱི་རོལ་དུ་དོམ་ཁྲས་ཟས་ཟ་ཐེངས་གཉིས་རེའི་བར་དུ་ཆུ་ཚོད་2ནས་4བར་དུ་གཉིད་ཉལ་གྱི་ཡོད། དོམ་ཁྲ་99%ཡི་ཁ་ཟས་ནི་སྨྱུག་མ་ཡིན་པ་དང་། དོམ་ཁྲས་ཁ་ཟས་སུ་བསྟེན་རུང་བའི་སྨྱུག་མའི་རིགས་ལ་ཁྱོན་རྒྱུད་12དང་རིགས་60ལྷག་ཡོད། རི་སྐྱེས་དོམ་ཁྲའི་ཚེ་ཚད་ནི་ལོ་18ནས་20བར་ཡིན་ཞིང་། མི་བཟོས་ཚང་གསོའི་རྣམ་པའི་འོག་ཏུ་ལོ་30ལྷག་གསོན་ཐུབ།
    དོམ་ཁྲ་ནི་ས་གོ་ལའི་ཐོག་ཏུ་ཉུང་མཐར་ཡང་ལོ་ངོ་ས་ཡ་8ཙམ་ལ་འཚོ་གནས་བྱས་པ་དང་། “འགྱུར་རྡོ་གསོན་པོ་”དང་“ཀྲུང་གོའི་རྒྱལ་ནོར་”ཞེས་པའི་མཚན་སྙན་ཐོབ་ཡོད་ལ། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་གཟུགས་བརྙན་ཕོ་ཉ་དང་། འཛམ་གླིང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྣེ་འདྲེན་དངོས་རིགས་ཡིན། སྤྱི་ལོ་2021ལོའི་ཟླ་1པོའི་བར་དུ་ཀྲུང་གོའི་དོམ་ཁྲའི་རི་སྐྱེས་རིགས་ཚོགས་འབོར་གྲངས་1864བར་མང་དུ་ཕྱིན་ཡོད།
    དོམ་ཁྲ་ནི་ཀྲུང་གོའི་དམིགས་བསལ་དངོས་རིགས་ཤིག་ཡིན། འཚོ་གནས་བྱེད་ས་གཙོ་བོ་ནི་ཀྲུང་གོའི་སི་ཁྲོན་དང་།  ཧྲའན་ཞིའི། ཀན་སུའུ་རི་ཁུལ་བཅས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1