བྱེད་ཐབས་སྣ་ཚོགས་སྤྱད་ནས་དྲག་ཆར་མང་བའི་གནམ་གཤིས་ལ་ཁ་གཏད་འཇལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-21


     མི་དམངས་དྲ་བ་ཆབ་མདོ་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་2021ལོའི་ཆུ་ལོག་གནོད་འཚེའི་འབྲུབ་འགོག་ནང་སྦྱོང་གཤོ་དངུལ་མདའ་གྲོང་ཚོར་སྤེལ་བ་དང་། དུས་མཚུངས་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གི་བཀོད་འཐབ་པ་ཚོས་ཁོངས་གཏོགས་ཁུལ་མཐའ་འཁོར་གྱི་རྦབ་རྡོ་ཅུང་མང་བའི་ལམ་བུར་གཙང་སེལ་བྱས་པ་རེད།


     ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་སྦྱོང་བརྡར་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གིས་ལས་འགན་དངོས་ལ་དམིགས་ནས་སྔོན་ནས་ཇུས་འགོད་ཡག་པོ་བྱས་ཏེ། བཅའ་སྡོད་བྱ་ཡུལ་གྱི་དོན་དངོས་དང་འབྲུབ་འགོག་ཉེན་སེལ་གྱི་ལས་འགན་གྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་འབྲུབ་འགོག་ཉེན་སེལ་གྱི་རོགས་སྐྱོབ་འཆར་གཞིའི་ཇུས་གཞི་སྔར་བས་འཐུས་ཚང་དུ་བཏང་སྟེ་“དོན་དངོས་ནང་བཞིན་སྦྱོང་བརྡར་བྱེད་པའི”དམིགས་ཡུལ་ལྟར། ཇུས་གཞིའི་གོ་རིམ་ཚང་མར་ཞིབ་ཕྲའི་ལག་བསྟར་ཐུབ་པ་དང་། ལས་འགན་མི་རེ་རེའི་ཐོག་ཏུ་འཁྱོལ་བ་བྱེད་པ། དམག་ཤུགས་གཏན་འཁེལ་བྱེད་པ། འགན་སྲུང་བྱེད་ཐབས་ནུས་ལྡན་བཟོ་བ་བཅས་བྱས་པ་རེད།

     ནང་སྦྱོང་གིས་ཉེན་སེལ་རོགས་སྐྱོབ་ཀྱི་སྔོན་ཇུས་ལྟར་ཉེན་ཁའི་གནས་ཚུལ་རྩད་ཞིབ་དང་། བཀའ་བཀོད་གཏོང་བ། སྒྲིག་ཆས་འཁྱེར་བ། རོགས་སྐྱོབ་བྱེད་པ་བཅས་བྱས་ཏེ་བཅའ་སྡོད་བྱ་ཡུལ་གྱི་རང་བྱུང་གནོད་འཚེའི་དུས་བབ་ལས་འགན་དང་ཁྱད་ཆོས་ལ་དམ་པོར་དམིགས་ནས་ཚན་པ་ཁག་གི་མཉམ་ལས་དང་། ལས་བགོས་ཉེན་སེལ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ནང་དོན་ནང་སྦྱོང་བྱས་པ་རེད། ནང་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དྲག་ཆར་རྒྱུན་ཆད་མེད་པར་བབས་ཀྱང་བཀོད་འཐབ་པ་ཚོས་དྲག་ཆར་ཁྲོད་གཙང་ཆུར་བབས་ནས་རོགས་སྐྱོབ་ནང་སྦྱོང་བྱས་པ་དེའི་ཐོག་ནས་ཉམས་སད་ཐེག་ཐུབ་པའི་དམག་འཐབ་ཀྱི་སྤྱོད་ཚུལ་དང་འཕྲལ་སྡོམ་དམག་འཐབ་ཀྱི་ནུས་པ་མངོན་ཡོད།


     ཉེ་དུས་བོད་ལྗོངས་ཤར་ཕྱོགས་ས་ཁུལ་དུ་དྲག་ཆར་འབབ་པའི་གནམ་གཤིས་མང་བ་དང་། འདམ་རྡོའི་ཆུ་རུད་ཐོན་སླ་བ་དང་ཉི་མའི་ཚ་བ་དྲག་པོས་སྐམ་རྡིབ་ཐེབས་སླ་བར་བརྟེན། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གི་མེ་གསོད་མེ་འགོག་བཀོད་འཐབ་པ་ཚོས་བཅའ་སྡོད་བྱ་ཡུལ་མཐའ་འཁོར་གྱི་འགྲོ་ལམ་ལ་གཙང་བཤེར་བྱས་པ་དང་། རིམ་རྩིས་བྱས་ན། ལམ་ངོས་སྨི་650ལྷག་ཙམ་གཙང་སེལ་བྱས་པ་དང་རྦབ་རྡོ་འགྲིལ་བའི་ས་ཁོངས་3དང་ཆུ་ཡུར་སྨི་700ལྷག་ཙམ་བཤངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁ་རུབ་ཆུས་ནགས་ཚལ་མེ་གསོད་མེ་འགོག་རུ་འབྲིང་གིས་བཀོད་འཐབ་པ་35དང་རླངས་འཁོར་3བཏང་ནས་གཙང་སེལ་ལས་དོན་སྔར་བཞིན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་ལམ་གྱི་གནས་ཚུལ་ཤར་གཏོང་ལེགས་པོ་ཡིན་པའི་ཆ་རྐྱེན་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད།


     གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གིས་ད་ཡོད་ཀྱི་ཆ་རྐྱེན་ལ་མུ་མཐུད་བརྟེན་པ་དང་། ལས་ཀའི་སྔོན་ཇུས་ཁག་དུས་ཐོག་ཏུ་འཐུས་ཚང་དུ་བཏང་ནས་ས་མཐོའི་ས་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྦྱོང་བརྡར་གྱི་ཐབས་ཤེས་གསར་པ་དང་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། ཉེན་ཁའི་གནས་ཚུལ་འཕྲད་སྐབས་དཔུང་ཁག་གིས་འཕྲལ་མར་བདེ་འཇགས་དང་། མགྱོགས་མྱུར། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་རོགས་སྐྱོབ་ལས་འགན་ལེགས་པར་བསྒྲུབ་རྒྱུ་འགན་ལེན་བྱ་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1