བོད་ལྗོངས་ཉིང་ཁྲི་ནས་ཐེངས་དང་པོར་མཐོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26



   ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡིས“ཉིང་ཁྲི་གྲོང་ཁྱེར་དུ་བྷང་ག་ལ་སྟག་གི་ཁྱུ་ཚོགས་ཀྱི་འགུལ་སྐྱོད་གནས་ཚུལ་དང་འཚོ་གནས་ཁུལ་ལ་ལྟ་ཞིབ་ཚད་ལེན་རྣམ་གྲངས”སྤེལ་བའི་བརྒྱུད་རིམ་ནང་། ཚན་ཞིབ་མི་སྣས་དམར་ཕྱིའི་པར་ཆས་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་བྱང་རྒྱུད་ས་ཁུལ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གསའ་ཡི་འདྲ་པར་རྩ་ཆེན་པོ་བླངས་ཡོད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ནས་ཕྱི་རོལ་དུ་གསའ་ཡི་འགུལ་སྐྱོད་གཟུགས་བརྙན་ཐོག་མར་བཀོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། གསའ་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000-5300ཡི་བྲག་ངོས་མཐོན་པོ་དང་གངས་ཐིག་གི་ཉེ་འགྲམ་དུ་འཚོ་གནས་བྱེད་བཞིན་ཡོད། གནའ་བ་གཙོ་བོ་ཡིན་པའི་སྲོག་ཆགས་རྨིག་པ་ཅན་ཟས་སུ་བྱེད་བཞིན་ཡོད་པ་རེད། 
   གསའ་ནི་ས་བབ་མཐོ་བའི་ས་ཁུལ་གྱི་རྔོན་པ་རྩེ་གྲ་དང་སྲོག་ཆགས་རིགས་གཙོ་བོ་ཡིན་པ་དང་། འཚོ་གནས་ཁུལ་གྱི་འཐུས་ཚང་རང་བཞིན་དང་གདོད་མའི་རང་བཞིན་ཐད་ལ་བླང་བྱ་ཅུང་མཐོ་ཞིང་། དེ་ནི་་སྣོད་བཅུད་མ་ལག་སྐྱོན་བྲལ་གྱི“སྟོན་ཆས”གལ་ཆེན་ཞིག་རེད། ད་ཐེངས་ཉིང་ཁྲི་གྲོང་ཁྱེར་དུ་གསའ་ཡི་པར་བརྒྱབ་པ་ལས། ས་གནས་དེ་གའི་སྣོད་བཅུད་སྐྱོན་བྲལ་དང་། སྐྱེ་དངོས་ཕུན་སུམ་ཚོགས་པ། སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་མཚོན་པ་རེད། 

   གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཚན་ཞིབ་སྒྲིག་གཞིའི་མཉམ་ལས་ལ་མུ་མཐུད་ཤུགས་བརྒྱབ་ནས། ཉིང་ཁྲིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་མང་བའི་ཁུལ་དང་། སྣོད་བཅུད་འགག་རྩའི་ཁུལ། བརྟག་དཔྱད་ཀྱི་ཉམས་ཞན་ཁུལ་བཅས་སུ་བརྒྱུད་རིམ་ལྡན་པའི་ཕྱི་རོལ་གྱི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་རྩ་བ་དང་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་དེ་བཞིན་འཚོ་སྡོད་སྲུང་སྐྱོང་དང་དོ་དམ་ལ་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1