གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཚེ་རིང་ལྕགས་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༦ཉིན།

༄༅།། བུ་ཚ་སྐྱོང་བའི་མདོ།


ཚེ་རིང་ལྕགས་མོས་བསྒྱུར།

        གནའ་སྔ་མོ་ཞིག་ལ། ཧི་ལན་རི་བོའི་འདབས་ཀྱི་ཧུན་ཉིང་གྲོང་ཁྱེར་དུ་མིང་ལ་མཱ་ཡོའུ་ཧུའུ་ཙི་བྱ་བའི་རྒད་པོ་ཞིག་ཡོད་ལ། ཉ་འཛིན་པར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། ཆུང་མ་ཧྥ་ཐུའུ་མའེ་ནི་ལས་ལ་བརྩོན་ཞིང་ཞིབ་ཚགས་ཅན་གྱི་བུད་མེད་ཅིག་ཡིན། རྒན་རྒོན་གཉིས་ཀྱིས་བསྲི་ཚགས་ཆེན་པོས་ཁྱིམ་སོ་འཛིན་པ་དང་ཕན་ཚུན་བཟོད་སྒོམ་བསམ་ཤེས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་གདའ་ནའང་།བུ་མུའུ་སཱ་ནི་འདྲ་མེད་ནུས་ཆུང་ཞིག་ཡིན་ཞིང་ཕོ་ལོ་བཅུ་བདུན་ལ་སོན་ཡང་སྔར་བཞིན་ཕ་མར་བརྟེན་ནས་འཚོ་དགོས་སྟབས། མཱ་ཡོའུ་ཧུའུ་ཙིའི་སེམས་ནི་གཞི་ནས་བདེ་ལ་འགོད་མ་ནུས་སོ། །
        མཱ་ཡོའུ་ཧུའུ་ཙིས་རང་གི་བུ་ངན་ལང་སྐྱག་ལང་དུ་ཤོར་བཞིན་པ་རྟོགས་ནས་ཉིན་རྒྱུན་ཡིད་མུག་པའི་ངང་། “ཨ་ཤུ་རེ་ཁོ། འདི་ཡོད་ཚད་ཆུང་མ་ཧྥ་ཐུའུ་མའེ་ལན་པ་ཡིན་ཏེ།མོས་རང་གི་བུ་གཅིག་པུ་མུའུ་སཱ་ལ་གཅེས་དྲགས་པས་བལྟས་བལྟས་རིག་རིག་ལ་བུ་བཟང་པོ་འདི་ལྟར་ལང་ཤོར་དུ་སོང་བས།ངོ་མས་ཡིད་སྐྱོ་བ་ལ་ཨང”ཞེས་སྨྲས།
        ཉིན་ཞིག་གི་ཕྱི་དྲོ།མཱ་ཡོའུ་ཧུའུ་ཙིས་ཉི་མ་རིར་ནུབ་ལ་ཁད་དུ་ད་གཟོད་ཉ་བཟུང་སྟེ་ཡུལ་ལ་ཐོན་པ་དང་ཐང་ཆད་དྲགས་པས་ཚ་ཐབ་ཀྱི་སྟེང་དུ་འགྱེལ་ཞིང་།སྐྲ་འདབས་ནས་རྔུལ་ཆུ་ཁྲོམ་མེར་ཐོན་པ་དང་ཁ་ནས་དབུགས་ལྷེམ་ལྷེམ་དུ་འབྱིན་བཞིན་མིག་གཉིས་ཁང་པའི་གདུང་མར་ཅེར་ནས་ཧད་དེ་བསྡད། ཧྥ་ཐུའུ་མའེ་ཡིས་ཚུལ་དེ་མཐོང་བས།སྐྲག་ནས་ངོ་མདོག་ཀྱང་འགྱུར་ལ་མྱུར་མོར་ཁོའི་གམ་དུ་བཅར་ནས“མུའུ་སཱའི་ཨ་ཕ།ཁྱོད་ལ་ཅི་བྱུང་བ་རེད”ཅེས་བོས།
        ཨུ་ཧུ། ཨུ་ཧུ།ཨུ་ཧུ།ཞེས་གློ་ལུ་ཐེངས་འགའ་བྱས་རྗེས་དབུགས་ལེན་ཐེངས་སྙོམས་པར་གྱུར་ཅིང་།ཡིད་སྐྱོ་བའི་ངང་རང་གི་ཆུང་མ་ལ“ཁྱོད་འདི་ཅི་འདྲའི་ལས་ངན་ཞིག་རེད།ད་བལྟས་ཡོང་ན་ང་ནི་ལོ་མང་པོ་ཞིག་ལ་གསོན་ཐུབ་རྒྱུ་མིན་པས།ནམ་ཞིག་གི་དུས་ལ་ང་ཚེ་ཕྱི་མའི་ཡུལ་དུ་བུད་སོང་ཚེ།ཁྱོད་ལ་སུས་བདག་སྐྱོང་བྱེད་དམ། བུ་ཆུང་མུའུ་སཱ་ནི་འདྲ་མེད་ནུས་ཆུང་ཞིག་ཡིན་སྟབས་འུ་ཚང་གི་ཁྱིམ་ཚང་འདི་དངོས་གནས་ཚར་རྒྱུ་རེད”ཅེས་སྨྲས།
        ཧྥ་ཐུའུ་མའེ་ཡིས་ཁོའི་སྐད་ཆར་མཉན་རྗེས་སེམས་ཤིན་ཏུ་སྐྱོ་ཞིང་ལྭ་བའི་ཐུ་སྣེ་ཡིས་མིག་ཆུ་འབྱིད་ཞོར་དུ“མུའུ་སཱའི་ཨ་ཕ།ད་ཅི་བྱས་ན་བཟང”ཞེས་དྲིས།
        མཱ་ཡོའུ་ཧུའུ་ཙིས། “སྐབས་འདིར་ཐབས་ཤིག་འཐེན་ན་ཁོ་ད་རུང་བཅོ་རྒྱུ་འདུག”ཅེས་ཡར་ཙོག་ཞོར་དུ། “ཁ་དཔེ་ལ།‘ཐན་ངན་གྱིས་ཞིང་པ་ལྟོགས་པ་ལས་ལག་ཤེས་པ་མི་ལྟོགས’ཟེར་བ་ནང་བཞིན། ང་ད་རུང་ལོ་འགའ་ལ་གསོན་ཐུབ་པར་བསྟུན་མུའུ་སཱ་ཕྱི་རུ་མངགས་ནས་ལག་ཤེས་སྦྱོང་རྒྱུ་བྱོས”ཞེས་སྨྲས།

        ཧྥ་ཐུའུ་མའེ་ཡིས་ཁོས་བཤད་པར་གནས་ལུགས་ཡོད་པ་རྟོགས་ནས་མགོ་བོ་ལྕོག་ལྕོག་བྱེད་ཞོར“དེ་བྱོས།དེ་བྱོས”ཞེས་ལན་བཏབ།

        ཉིན་འགའི་རྗེས་སུ།མཱ་ཡོའུ་ཧུའུ་ཙིས་མུའུ་སཱ་མདུན་དུ་བོས་ནས་གཟབ་ནན་གྱིས“བུ་ཆུང་། ཕ་མར་བརྟེན་ནས་འཚོ་བ་ནི་ཁྱོད་ཀྱི་ནུས་པ་མ་ཡིན་པར་ལག་ཤེས་ཤིག་སྦྱངས་ནས་རང་ཁ་རང་གསོ་ཐུབ་པ་དེ་ད་གཟོད་ཁྱོད་ཀྱི་ནུས་པ་ཡིན།ཁྱོད་ཀྱང་ལོ་ན་ཆུང་རྒྱུ་མི་འདུག་པས་ཕྱི་རུ་སོང་ནས་ས་བལྟ་ཡུལ་བལྟ་ཞིག་བྱས་ན་བཟང་།རང་གི་བརྩོན་པར་བརྟེན་ནས་བསགས་པའི་དངུལ་ཞིག་སྟོན་རྒྱུ་མེད་ཚེ། ཁྱོད་ཕྱིར་ང་ལ་ཐུག་གི་ཡོང་མི་ཆོག”ཅེས་བཤད།

        མུའུ་སཱས་དེར་མཉན་རྗེས་སེམས་སུ་མི་འདོད་པ་བརྒྱ་ཡོད་ཀྱང་ཨ་ཕའི་གདོང་གི་གཟབ་ནན་གྱི་རྣམ་འགྱུར་མཐོང་བས་ཅི་ཡང་བཤད་མ་ཕོད་པར་མགོ་བོ་ལྕོག་ལྕོག་གིས་གོ་བའི་རྣམ་འགྱུར་བསྟན།

        འགྲོ་ཁར་ཧྥ་ཐུའུ་མའེ་ནི་མུའུ་སཱའི་དཔུང་པར་འཇུས་ཤིང་མིག་ཆུ་འདོན་ཞོར་དུ།“བུ་ཆུང་། ཁྱོད་ཀྱིས་ཕ་མ་གཉིས་ཀ་སྙིང་རྗེ་མེད་པར་འདོད་ནས་ལེ་བདའ་བྱེད་མི་རུང་།ངེད་གཉིས་ཀྱིས་ཀྱང་ཁྱོད་བསམས་པ་ཡིན།ཁྱོད་ཕྱི་རུ་སོང་ནས་ལག་ཤེས་ཤིག་སྦྱངས་ཏེ་ཕྱིར་ལོག་ན།རྗེས་ཕྱོགས་ཁྱོད་ཀྱི་ཨ་ཕ་དང་ངེད་གཉིས་མེད་སོང་ཡང་ཁྱོད་ཀྱིས་དཀའ་སྡུག་མྱངས་མི་དགོས་པར་རང་ཁ་རང་གསོ་བྱེད་ཐུབ”ཅེས་བཤད།

        མུའུ་སྰས་མཆུ་ཏོ་མདོང་མདོང་གིས་མི་དགའ་བའི་ཚུལ་སྟོན་བཞིན།“ཁྱོད་ཀྱིས་ཁ་ནས་བཤད་པ་སླ་ཡང་ས་གང་ཞིག་ལ་སོང་ནས་དངུལ་གསོག་རྒྱུ་དེ་གནད་དོན་དཀའ་མོ་ཞིག་རེད”ཅེས་ཟེར།

        དེ་ནས་ཧྥ་ཐུའུ་མའེ་ཡིས་མྱུར་མོར་ལྭ་བའི་ཁུག་མའི་ནང་ནས་དངུལ་རྡོག་ཅིག་བླངས་ཏེ་མུའུ་སཱའི་ལག་ཏུ་བརྫངས་ཤིང་སྐད་དམའ་མོས། “ཨ་མའི་གཅེས་ཕྲུག གལ་སྲིད་ཁྱོད་ཀྱིས་ལག་ཤེས་ཤིག་སྦྱངས་ནུས་ན།ངས་མ་ཟོས་མ་འཐུང་ཡང་ཁྱོད་ལ་སྒོར་མོ་ཞིག་ལོས་གསོག དངུལ་སྲང་འགའ་བོ་དེ་ཨ་མས་ལོ་འདི་ཚོར་སྡུག་མྱངས་ནས་བསགས་པ་ཡིན།ཁྱོད་ཀྱིས་དེ་ལག་ཏུ་དམ་པོར་ཟུངས་དང་།རྗེས་ནས་ཕྱིར་ལོག་ན་ཁྱོད་ཀྱིས་ཀྱང་ལག་ཤེས་ཤིག་སྦྱངས་ནས་ཡོང་དགོས།སྐབས་དེར་ཁྱོད་ཀྱིས་དངུལ་སྲང་འདི་ཨ་ཕར་སྤྲད་དེ་རང་གིས་ཕྱི་ནས་བསགས་ནི་ཡིན་ཞེས་ཤོད”ཅེས་བཤད།

        མུའུ་སཱས་ཁ་མ་གྲག་ཅིང་མི་འདོད་པའི་ཚུལ་གྱིས་དངུལ་སྒོར་ཁྱེར་ནས་དལ་བུར་ལམ་དུ་ཆས།ཁོ་ཕྱི་རུ་ཡར་ཉུལ་མར་ཉུལ་བྱས་ཤིང་ལག་ཤེས་གང་ཞིག་སྦྱང་དགོས་པ་མི་ཤེས་པར་སྡོད་པའི་ཚེ། ཉིན་ཞིག་ཁོས་སློང་མོ་བ་སྐོར་ཞིག་གིས་ཟས་སློང་བཞིན་པ་མཐོང་སྟེ་ལས་ཀ་འདི་ནི་སྡུག་མྱོང་མི་དགོས་པའི་འཚོ་ཐབས་ལེགས་པོ་ཞིག་རེད་བསམས་ནས་ལག་གི་དངུལ་སྒོར་དམ་དུ་ཉར་ཞིང་དེ་ཚོ་དང་འགྲོགས་ཏེ་ཟ་མ་སློང་བར་ཕྱིན།ཁོས་དེ་ལྟར་ཁུར་པན་དུས་ཆེན་བསླེབ་རག་བར་འཚོ་ཐབས་བྱས་ཤིང་ཉིན་དེར་ཐོན་འཕྲལ་ཕྱིར་རང་ཡུལ་དུ་ལོག་གོ། །

        མཱ་ཡོའུ་ཧུའུ་ཙིས་མུའུ་སཱས་ལག་ཤེས་སྦྱངས་ཏེ་ཕྱིར་ཡོང་བ་མཐོང་བས་དགའ་བ་རབ་ཏུ་རྒྱས་ནས་ཧྥ་ཐུའུ་མའེ་ལ“རྒན་མོ།མྱུར་དུ་ཇ་སྦངས་ཏེ་གོ་རེ་སྣུམ་སྲེག་ཚོས་དང་།བུ་ལ་སྣེ་ལེན་དགའ་ཞིག་བྱེད”ཅེས་བཤད་ཅིང་ཧྥ་ཐུའུ་མའེ་ཡང་དགའ་སྟེ་གྲ་སྒྲིག་བྱེད་དུ་སོང་།

        མཱ་ཡོའུ་ཧུའུ་ཙིས་མུའུ་སཱར་ཞིབ་ལྟ་བྱེད་ཞོར་དུ།“ཁྱོད་ཀྱིས་ཕྱི་ནས་ལག་ཤེས་སྦྱངས་པའི་གནས་ཚུལ་ག་འདྲ་རེད”ཅེས་དྲིས།

        མུའུ་སཱས་ལན་མ་བྱིན་པར་འཛུམ་དམུལ་དམུལ་གྱིས་ལག་གི་དངུལ་རྡོག་བླངས་ཏེ་ཨ་ཕར་སྤྲད།མཱ་ཡོའུ་ཧུའུ་ཙིས་དངུལ་རྡོག་དེ་ཚུར་བླངས་ཤིང་ལྟ་ཙམ་བྱས་རྗེས།ཁ་ཕྱིར་འཁོར་ནས་མེ་ཐབ་ནང་དུ་གཡུགས། དངུལ་དེ་མེ་ཡིས་བཞུ་ལ་ཉེ་ཡང་མུའུ་སཱས་མིག་ལོག་གིས་ལྟ་བཞིན་དུ་འགུལ་ཡང་མ་འགུལ་བས།མཱ་ཡོའུ་ཧུའུ་ཙི་ཁོང་ཁྲོ་ལངས་ཏེ་མུའུ་སཱ་ལ། “སྐྱག་ཕྲུག་ལང་ཤོར་ཁྱོད།དངུལ་འདི་ཁྱོད་ཀྱི་རྩོལ་བ་ལས་བྱུང་བ་མ་རེད།ཁྱོས་ཕྱི་རུ་ལག་ཤེས་གང་ཞིག་སྦྱངས་པ་ལམ་སང་དྲང་མོར་ཤོད”ཅེས་སྐད་འདར་འདར་གྱིས་སྨྲས།

        མུའུ་སཱ་ཐབས་ཟད་པས་ཧ་རི་ཧུ་རིའི་ངང་ཕྱི་ནས་སློང་མོ་བ་ཚོ་དང་འགྲོགས་ཏེ་ཟས་བསླངས་པའི་དོན་རྣམས་སྦ་གསང་མེད་པར་ཁོ་ལ་བཤད་ཅིང་།མཱ་ཡོའུ་ཧུའུ་ཙིས་དེ་ཐོས་རྗེས་ཁོང་ཁྲོ་རབ་ཏུ་འབར་ཞིང་ལུས་པོ་འདར་སིག་སིག་གིས་གཤེ་གཤེ་བཏང་བ་ལ།“ནུས་མེད་ཁྱི་སྐྱག་ཁྱོད།ཁྱོད་ཀྱིས་གཞན་ལ་ཟས་སློང་བ་ཙམ་ལས་དོན་བཟང་ཞིག་ག་ལ་སྒྲུབ་ནུས།རེམ་མ་ཤོད།དངུལ་འདི་གང་ནས་བརྐུས་ཡོང་བ་ཡིན”ཞེས་བཤད་ཞོར་དུ་སྒོ་གཏན་གྱི་དབྱུག་པ་བཟུང་སྟེ་མུའུ་སཱ་ལ་རྡུང་གྲབས་བྱས།

        ཏག་ཏག་སྐབས་དེ་ལ་ཧྥ་ཐུའུ་མའེ་ཁྱིམ་དུ་ཡོང་བ་དང་མོ་རང་མཱ་ཡོའུ་ཧུའུ་ཙིའི་སྐེད་པར་འཇུས་ནས་ངུ་ཞོར་དུ།“ཚང་མ་ང་ལན་ནི་ཡིན།མུའུ་སཱའི་ཨ་ཕ།བརྡུང་དགོས་ན་ང་ལ་རྡུང་ཆོག དངུལ་དེ་ངས་ཁོ་ལ་བྱིན་པ་ཡིན”ཞེས་བཤད།

        ཚུལ་དེ་གོ་བས་མཱ་ཡོའུ་ཧུའུ་ཙི་སྔར་ལས་ཀྱང་ཁོང་ཁྲོ་ལངས་ཤིང་ལག་གི་དབྱུག་པ་ཐང་ལ་བཞག་སྟེ།ཆུང་མར་སྐད་ཅོར་ཆེན་པོས།“ཁྱོད་ཀྱིས་བསམ་བཞིན་ཏུ་མུའུ་སཱ་ངན་ཤོར་དུ་བཏང་སོང”ཞེས་ལེ་བདའ་བྱས།

        ཁུར་པན་དུས་ཆེན་འདས་རྗེས།རྒན་རྒོན་གཉིས་ཀྱིས་ཉིན་འགའ་ལ་ཞིབ་ཀྱིས་གྲོས་བྱས་ཤིང་མུའུ་སཱ་ཡང་བསྐྱར་ཕྱི་རུ་ལག་ཤེས་སྦྱོང་དུ་འགྲོ་བར་ཐག་བཅད།འགྲོ་ཁར་མཱ་ཡོའུ་ཧུའུ་ཙི་ཡིས་མུའུ་སཱའི་ལག་པར་འཇུས་ནས་གཟབ་ནན་གྱིས“མུའུ་སཱ།བདེན་པ་རྫུན་མར་འགྱུར་མི་སྲིད་ལ་རྫུན་མ་བདེན་པར་ཡང་འགྱུར་མི་སྲིད་པས། ད་ནས་བཟུང་ཁྱོད་ཀྱིས་ཟ་འདོད་ལེ་ལོ་ཡི་འཚོ་ཐབས་ངན་པ་དེ་འདོར་དགོས”ཞེས་གདམས།

        མུའུ་སཱས་མགོ་བོ་ལྕོག་ལྕོག་གིས་གོ་བའི་རྣམ་འགྱུར་བསྟན་ཅིང་ཁ་ཕྱིར་འཁོར་ནས་མྱུར་མོར་ལམ་ལ་ཆས།ཁོ་རང་ཟླ་བ་གསུམ་གྱི་རིང་ལ་ཕྱི་སོར་འཁྱམས་ནས་སོང་སོང་མཐར་མགར་བ་ཞིག་དང་འཕྲད་དེ།གུས་པ་དང་བཅས་མགར་བ་དེ་རང་གི་སློབ་དཔོན་དུ་བསྟེན་ནས་ནན་ཏན་སྒོས་མགར་བརྡུངས་ཤིིང་།མགར་བའི་མཛུབ་སྟོན་འོག་མུའུ་སཱས་དགོང་འཕྱི་ཉལ་དང་ནངས་སྔ་ལངས་བྱས་ཏེ་དཀའ་སྤྱད་ཀྱིས་སྦྱོང་བརྡར་བྱས་པས་འཕེལ་སྐྱེད་ཆེན་པོ་བྱུང་།མགར་བས་མུའུ་སཱའི་ལག་བདེ་ཞིང་རྩོལ་བ་ཆེ་བ་མཐོང་བས་རང་གི་ལག་ཤེས་ཡོད་ཚད་ཁོ་ལ་ཁྲིད་ཅིང་།ལོ་གསུམ་གྱི་རྗེས་ནས་ཁོ་སྦྱོང་བ་མཐར་ཕྱིན་ལ་མགར་བས་མུའུ་སཱར་དངུལ་སྲང་གཅིག་དང་དོང་ཙེ་རྒྱུན་ཐག་གསུམ་བྱིན་ནས་ཕྱིར་ཕ་མ་གཉིས་ལ་བལྟ་རུ་འགྲོ་བར་བཅུག

        མཱ་ཡོའུ་ཧུའུ་ཙིས་མུའུ་སཱ་ཐལ་བ་འཚུབ་འཚུབ་ཀྱིས་ཕྱིར་ཡོང་བ་མཐོང་བས་སྤྲོ་བ་རབ་ཏུ་རྒྱས་ཤིང་ཆུང་མར་ཇ་དང་ཟ་མ་གྲ་སྒྲིག་བྱེད་དུ་བཅུག་ནས་མིག་ཟིམ་ཟིམ་གྱིས་ལུས་སྟོབས་ཆེ་རུ་གྱུར་པའི་མུའུ་སཱ་ལ་ཞིབ་ལྟ་བྱས།མུའུ་སཱས་ཕ་རྒན་གྱིས་ཚུར་འདྲི་རག་བར་དུ་མགར་བར་འགྲོགས་ནས་མགར་ལས་སྦྱངས་པའི་དོན་རྣམས་ཁོ་ལ་གསལ་པོར་བཤད་པ་དང་།ལག་གི་དངུལ་སྲང་གཅིག་དང་དོང་ཙེ་རྒྱུན་ཐག་གསུམ་པོ་ཚ་ཐབ་ཀྱི་སྟེང་དུ་བཞག

        མཱ་ཡོའུ་ཧུའུ་ཙིས་ཅི་ཡང་མ་བཤད་པར་དངུལ་སྲང་དེ་ལ་ལྟ་ཙམ་བྱས་རྗེས།གློ་བུར་དུ་དངུལ་དེ་ཡར་བླངས་ནས་མེ་ཐབ་ནང་དུ་གཡུགས་པས།མུའུ་སཱས་བློ་ལས་འདས་པའི་ཉམས་འགྱུར་ཞིག་བསྟན་པ་དང་འཕྲལ་དུ་རྐང་རྗེན་གྱིས་ཚ་ཐབ་ལས་མར་བབས་ཤིང་ལག་པ་གཉིས་དམར་ལམ་ལམ་བྱེད་པའི་མེ་ཐབ་དུ་བསྲིངས་ནས་དངུལ་སྲང་དེ་ཕྱིར་བཏོན།

        མཱ་ཡོའུ་ཧུའུ་ཙིས་སྙིང་རྗེ་བའི་ཉམས་ཀྱིས་མེས་བསྲེགས་པའི་བུའི་ལག་པར་བལྟས་ཤིང་ཁ་སྤུ་ལ་བྱིལ་བྱིལ་བྱེད་ཞོར་དུ།“ངོ་མ་རེད།ངོ་མ་རེད།འདི་ནི་རང་གི་རྔུལ་ཁྲག་བཏོན་ནས་བསགས་པའི་རྒྱུ་དངུལ་རེད”ཅེས་བཤད་ཅིང་དགའ་སྤྲོའི་ངང་རང་གི་བུ་ལ་འཇུས་ཏེ་མིག་ཆུ་འདོན་ཞོར་དང་དགོད་ཞོར་གྱིས།“མུའུ་སཱ།ངའི་བུ་དགའ་བོ།ད་ཁྱོད་ཀྱིས་བསམ་ཤེས་ཟིན”ཞེས་བཤད།

        བར་སྐབས་དེར་ཧྥ་ཐུའུ་མའེ་ཡིས་ཟས་ཁྱེར་ནས་ཁྱིམ་དུ་འཛུལ་ཞིང་མོའི་གདོང་ནས་ཀྱང་བློ་བདེ་བའི་འཛུམ་ཞིག་བསྟན་འདུག

        དེ་ནས་བཟུང་།མུའུ་སཱས་མགར་ལས་བྱེད་པར་བརྟེན་ནས་འཚོ་བ་རོལ་ཅིང་ཉེ་རྒྱང་ཀུན་ཏུ་མིང་གྲགས་ཆེ་བའི་མགར་བ་ཞིག་ཏུ་གྱུར་ཏོ། །


                               སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1